༄༅། །སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཕེབས་ཏེ་གསུང་བཤད་གནང་ཡོད། གཞན་ཡང་སྐུ་མགྲོན་དུ་སུད་སི་ས་གནས་དཔོན་རིགས་དང་། སྤྱི་ཟུར་རྣམ་པ། སུད་སི་བོད་རིགས་མི་དམངས་བཅས་མང་ཚོགས་སྟོང་ཕྲག་གཅིག་ལྷག་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་གོ་སྒྲིག་གནང་ཡོད། ཕྱི་ཚེས་ ༡༤ ཉིན་གྱི་ཆུ་ཚོད་ ༡།༣༠ ཐོག་དུས་དྲན་སྲུང་བརྩི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་གཙོ་བོར་གྱུར་བའི་སྤྱི་ཟུར་རྣམ་པ་བཅས་ནས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་མཛད། དེ་རྗེས་རི་ཀོན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་མཁན་པོ་དང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ནས་རྟེན་གསུམ་འདེགས་འབུལ་ཞུས།
དེ་བཞིན་སྐུ་མགྲོན་དུ་པེ་ལ་ཆེ་ (Bülach) གྲོང་ཁྱེར་གྱི་སྤྱི་ཁྱབ་མཱ་ཁེ་ཨཔེ་ལེ་ (Mark Eberli) ལགས་དང་། ཛུ་རིག་གྲོང་ཁྱེར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་མ་རི་ཡོ་ཕེར་ (Mario Fehr) ལགས་བཅས་ནས་གསུང་བཤད་གནང་ཡོད། ཛུ་རིག་གྲོང་ཁྱེར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་མ་རི་ཡོ་ཕེར་ལགས་ཀྱིས་གསུང་དོན། བོད་པ་རྣམས་ལོ་ངོ་དྲུག་ཅུའི་ཡར་སྔོན་ནས་སུད་སི་རྒྱལ་ཁབ་དུ་འབྱོར་བ་རེད། བོད་པ་ཚོ་ད་བར་སུད་སི་སྤྱི་ཚོགས་སུ་མཐུན་གནས་ཡག་པོ་བྱུང་ཡོད་པ་མ་ཟད། སུད་སི་སྤྱི་ཚོགས་ཀྱི་དམིགས་དཔེ་ལྟ་བུ་གྱུར་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ལྟར། བོད་པས་ལག་བསྟར་གནང་ནས་བྱུང་བ་ཞིག་ཡིན། བོད་པ་ཚོའི་ལས་འགན་ནི་བོད་མིའི་སྒྲིག་འཛུགས་ཧྲ་ཏག་ཏག་ཉར་རྒྱུ་དེ་ཡིན་པ་དང་། དེ་ལྟར་བྱུང་ཚེ་སྲིད་དབང་སྒེར་གཅོད་རྣམས་རིམ་བཞིན་མེད་པར་འགྱུར་ངེས་རེད། ཉེ་ཆར་སྲིད་དབང་སྒེར་གཅོད་གཅིག་མགོ་གཏིང་ལོག་པ་རེད། རྒྱ་ནག་དམར་པོ་གཞུང་ཡང་དེ་བཞིན་ཉིན་ཞིག་མགོ་གཏིང་ལོག་གི་རེད། སྐབས་དེར་ཁྱེེད་རང་ཚོར་རང་དབང་ཐོབ་ཀྱི་རེད། ཅེས་དང་།
གཞན་ཡང་ཁོང་གིས་མུ་མཐུད་གསུང་དོན། ད་ལོ་སུད་སི་ལ་ལེགས་སྐྱེས་གསུམ་ཐོབ་བྱུང་། དང་པོ་ནི་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིར་ཆིབས་བསྒྱུར་གནང་བ་དེ་ཡིན། གཉིས་པ་ནི། སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཟེར་བ་དེ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། མཛད་སྒོའི་སྐབས་སུ་བོད་རིགས་ཚོགས་པ་ནས་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་བ་སོགས་ལ་ཐུགས་རྗེ་ལེགས་འབུལ་ཡང་ཞུས་ཡོད།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པའི་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཐོག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་ཀྱི་བོད་སློབ་དང་། སྐྱིད་སྡུག་ཚོགས་པ་ཁག་གིས་གཞས་སྣ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་མི་མང་ཆིག་སྟོང་ལྷག་གིས་མཉམ་ཞུགས་གནང་ཡོད། སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ཀྱང་མཛད་སྒོར་ལྷན་བཅར་ཞུས་ཡོད། །