༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཤིས་ལོང་ས་གནས་འོས་བསྡུའི་འགན་འཛིན་དང་ས་གནས་འགོ་འཛིན་གཅིག་ལྕོགས་ཀྱིས་ཐུགས་འཁུར་འོག་ས་གནས་འཐུས་ཚོགས་སྐབས་ ༨ པའི་བདམས་ཐོན་ཚོགས་མི་རྣམ་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འོས་བསྡུའི་ཚོགས་མི་གསུམ། རྩིས་དྲུང་བཅས་བོད་དགོན་དགའ་ལྡན་ཆོས་གླིང་གི་ཚོགས་ཁང་དུ་ཚང་འཛོམས་ཀྱིས། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཕྱི་དྲོའི་ཆུ་ཚོད་ ༢ ཐོག་བདམས་ཐོན་ཚོགས་མི་ ༧ ཆ་ཚང་ནས་རིམ་པའི་བཞིན་དྲྭ་སྣང་ (virtual) བརྒྱུད་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་མཆོག་གི་མདུན་དུ་འཐུས་མིའི་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་འཇམ་དཔལ་ལགས་དང་ཚོགས་གཞོན་དུ་ཤི་ལོག་ཚེ་རིང་ལགས་གཉིས་ཀྱིས་ཚོགས་གཙོ་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་འདུག
གོང་གསལ་དམ་འབུལ་གྱི་མཛད་སྒོ་འགོ་མ་འཛུགས་གོང་། ས་གནས་ཁྲིམས་ཞིབ་པ་ནས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཞུས་ཡོད་པ་དང་། དེའི་རྗེས་ཚོགས་བཅར་བ་རྣམས་ལ་ས་འཐུས་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་དང་། འོས་བསྡུ་སྒྲིག་གཞིའི་དོན་ཚན་ཁག་ཅིག་ངོ་སྤྲོད་བྱས་འདུག་པའི་གནས་ཚུལ་དུ།།