༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༣༥ འཁོར་བའི་དུས་ཆེན་དང་བསྟུན། ལྡི་ལི་བོད་ཁང་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཨ་བི་ཇིཏ་ཧལ་དར་ (Abhijit Haldar) མཆོག ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཕྱི་རྒྱལ་སློབ་ཕྲུག་སྡེ་ཚན་གྱི་རིགས་སྡེ་འགན་འཛིན་གཙུག་ལག་སློབ་དཔོན་ཨ་མར་ཇི་བ་ (Amar Jiva) ལགས་ཕེབས་ཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་ཉིན་སློབ་ཀྱི་སློབ་ཕྲུག་ཁག་ཅིག་ནས་ནོ་སྦེལ་བསྟོད་དབྱངས་བླངས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་འབྲེལ། མགོན་པོ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་དགོངས་གཞི་ལག་བསྟར་ཞུ་བར་ནང་སེམས་དང་། ཀླད་པའི་རྣམ་དཔྱོད། ལག་བསྟར་གསུམ་ཡ་མ་བྲལ་བ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།
དེ་བཞིན་ཤེས་རིག་བཀའ་བློན་མཆོག་ནས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་འོག་ཕྱི་ལོ་ ༢༠༠༥ ལོར་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་དེའི་ནང་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏང་རྒྱུ་དེ་རྩ་འཛིན་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་གསལ་སྟོན་གནང་བ་དང་ཆབས་ཅིག ཁོང་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ལས་འཁྲུངས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་སཱི་ཤེས་ཡོན་སློབ་གསོ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་པར་བརྟེན་དགེ་ལས་སློབ་ཕྲུག་རྣམ་པའི་རྒྱུད་ལ་བཟང་སྤྱོད་གོང་མཐོར་གཏང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད། མཐའ་དོན་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་ཆེན་དེ། མགོན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ཐོག་ཤར་སྐྱོད་ལག་བསྟར་ཞུས་ཏེ་དྲན་གསོ་ཞུ་དགོས་པ་དང་། ལྷག་པར་མགོན་པོ་མཆོག་གི་རྗེས་འབྲང་བ་ཡོངས་ནས་མགོན་པོ་གང་ཉིད་ཀྱི་དགོངས་བཞེད་དྲིལ་བསྒྲགས་ཁྱབ་སྤེལ་གཏང་རྒྱུར་འགན་ཁུར་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
དེ་རྗེས་ལྡི་ལི་བོད་ཁང་ནས་ནང་ཆོས་དང་བོད་ཀྱི་སྐད་ཡིག་ཐོག་སློབ་མཐར་སོན་མཁན་སློབ་གཉེར་བ་ཁག་ཅིག་ཕྱག་འཁྱེར་གསོལ་སྩལ་དང་། ལྡི་ལི་བོད་ཁང་ནས་འདོན་སྤེལ་གནང་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་བའི་ཁར། བོད་ཁང་ངོས་ནས་གོ་སྒྲིག་ཞུས་པའི་དཔྱད་རྩོམ་འགྲན་བསྡུར་གྱི་ཨང་རིམ་རྩེར་སོན་གསལ་བསྒྲགས་དང་། ཐོན་མི་སཾ་བྷོ་ཊ་དེབ་ཕྲེང་དབུ་འབྱེད་གསལ་བསྒྲགས་གནང་ཡོད།
གཞན་ཡང་བགྲོ་གླེང་ཚོགས་འདུའི་ཐོག་འབུམ་རམས་པ་ནི་བ་དི་ཏ་ཅ་ལིལ་ (Nivedita Chalill) ལགས་དང་། འབུམ་རམས་པ་བྷ་ར་ཏི་པུ་རི་ (Bharati Pur) ལགས། འབུམ་རམས་པ་ནིལ་ཛ་དབང་མོ་ (Nilza Wangmo) ལགས་ནས་ཀྱང་བརྗོད་གཞི་དང་འབྲེལ་ཏེ་གསུང་བཤད་གནང་ཡོད།
མཐར་ལྡི་ལི་བོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་ཁྱབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།