༄༅། །འདི་གར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལྡི་ལི་བསམ་ཡས་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་འབུལ་བཞེས་མཛད་དེ་ལོ་ངོ་ ༣༥ འཁོར་བའི་དུས་ཆེན་སྲུང་རྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་དེ་ཉིན་ཆུ་ཚོད་ ༨།༣༠ ཐོག་ལྡི་ལི་གནས་འཁོད་མང་ཚོགས་ཡོངས་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསང་གསོལ་གཟབ་རྒྱས་འབུལ། མཛད་སྒོ་དངོས་གཞིའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེ་གདན་ཞུས་ཀྱི་བཞུགས་ཁྲིར་འཁོད་མཚམས་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ (Prahlad Singh Swahney) ལགས་དང་། རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཁང་གི་འཐུས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། དམིགས་བསལ་སྐུ་མགྲོན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (BTSM) རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ (Pankaj Goyal) ལགས་དང་། (BTSS) བུད་མེད་སྡེ་ཚན་གྱི་རྒྱལ་ཡོངས་དྲུང་ཆེ་ (Sandhya Singh) ལགས། ལྡི་ལི་སྐུ་ཚབ་དོན་གཅོད། ས་གནས་འགོ་འཛིན། བརྒྱ་དཔོན། གཞུང་དང་གཞུང་ཁོངས་མིན་པའི་སྒྲིག་འཛུགས་ཁག་གི་འགན་འཛིན། མང་ཚོགས་བཅས་ནས་མཇལ་དར་སྒྲོན་འབུལ་གནང་གྲུབ་བསྟུན་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་། ནོ་སྦེལ་བསྟོད་དབྱངས་བཅས་རིམ་གྱི་འབུལ།དེ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། ཕྱོགས་མཚུངས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཞོན་བསོད་ནམས་སྟོབས་རྒྱལ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་། དེ་བཞིན་མགྲོན་གྱི་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འཐུས་མི། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ། (BTSS) བུད་མེད་སྡེ་ཚན་གྱི་རྒྱལ་ཡོངས་དྲུང་ཆེ་སོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་རིགས་སྤྱི་དང་། ལྷག་པར་དེང་གི་ཆར་འཁྲུག་རྩོད་ཀྱི་བརླམ་བཞིན་པའི་འཛམ་གླིང་འདིར་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་རྣམས་གལ་གང་ཇི་ཙམ་ཡིན་མིན་དང་། བོད་དང་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་ཇི་དགོས་སྐབས་དུས་སོ་སོར་གནང་རྒྱུ་ཡིན་པ་སོགས་ཀྱི་གསུང་བཤད་གནང་། དེ་མཚུངས་ལྡི་ལི་སྨན་རྩིས་ཕྱིར་ཚོང་ཁང་གི་ལས་བྱེད་བཀྲ་ཤིས་རྣམ་རྒྱལ་ལགས་དང་། ཚེ་རིང་དོན་གྲུབ་ལགས་སུ་ཞབས་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གཟེངས་བསྟོད་ཕྱག་ཁྱེར་དང་ཕྱག་རྟགས་གསོལ་སྩལ་གནང་ལམ་ཡོད་པ་སྐུ་མགྲོན་གཙོ་བོ་རིན་ཆེན་ལྷ་མོ་ལགས་ནས་གསོལ་སྩལ་གནང་།
དེ་བཞིན་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ནས་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་ཡིག་བརྒྱ་ཆ་ ༩༩ ལོན་མཁན་སྦེལ་ཀོབ་བོད་ཁྱིམ་སློབ་མ་བསྟན་འཛིན་སྨོན་སྐྱིད་ལགས་སུ་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་གཟེངས་རྟགས་གནང་། བོད་དོན་ལས་འགུལ་བ་སྐུ་ཞབས་འཇམ་དབྱངས་བསྟན་འཛིན་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༧ ཉིན་བོད་དོན་དྲིལ་བསྒྲགས་རྐང་འཁོར་སྐོར་བསྐྱོད་ལས་འགུལ་རྟ་དབང་ནས་འགོ་འཛུགས་ཞུས་པ་དེ་རིང་འདི་ག་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བར་མང་ཚོགས་ནས་དགའ་བསུའི་ཕེབས་བསུ་སྣེ་ལེན་དང་། མང་ཚོགས་དང་སློབ་ཕྲུག་སོགས་ནས་བོད་ཀྱི་ས་ཁུལ་འདྲ་མིན་གྱི་རྐང་བྲོ་གླུ་གཞས་ལེའུ་བཅུ་ཙམ་གཟིགས་འབུལ་ཞུས།
མཛད་སྒོའི་སྐབས་མང་ཚོགས་ལ་གསོལ་ཇ་འབྲས་བསིལ་དང་། ཉིན་གུང་གསོལ་ཚིགས། དེ་བཞིན་མཛད་སྒོའི་སྐབས་ཞབས་སྟེགས་དང་དབུ་གུར་སོགས་ཀྱི་འགྲོ་གྲོན་མཐུན་འགྱུར་ས་གནས་བརྒྱ་འཐུས་ལས་ཁུངས་ནས་སྔར་རྒྱུན་བཞིན་ནར་གཏོང་དང་། འདི་གའི་ཚོགས་སྐྱིད་ཁག་ནས་མཛད་སྒོའི་ལྡིངས་ཆ་སོགས་སྒྲིག་བཤམས་ཆེད་སྔར་རྒྱུན་ལྟར་མཐུན་འགྱུར་གནང་བ་སོགས་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་སྲུང་རྩི་གཟབ་རྒྱས་ཞུས་པས་གནས་ཚུལ་སྙིང་བསྡུས་སུ། །