༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡ ནས་ ༠༨ བར་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་བདུན་ཕྲག་གཅིག་རིང་གི་མཐོ་སློབ་ཁག་ཏུ་བོད་ཀྱི་འཐབ་རྩོད་དང་། རིག་གཞུང་རྒྱུན་འཛིན། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་སྲི་ཞུ་བའི་གལ་གནད་སྐོར་གོ་རྟོགས་ཀྱི་ལས་རིམ་སྤེལ་བ་དེ་བཞིན་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༢ ཉིན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་ཡོད་པའི་བོད་ཕྲུག་རྣམས་ལ་སྲི་ཞུའི་གལ་གནད་དང་། བོད་ཀྱི་འཐབ་རྩོད་ཆེད་གཞོན་སྐྱེས་ཀྱི་ལས་འགན། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་གནང་དགོས་གལ་སྐོར་སོགས་གསུང་བཤད་གནང་། སྐབས་དེར་ཁོང་གིས་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་འཛིན་གྲོགས་དང་། མཐོ་སློབ་ཏུ་བོད་དོན་ཞུ་གཏུག་བྱེད་དགོས་པའི་ནན་སྐུལ་གནང་ཡོད།
ཕྱི་ཚེས་ ༣ ཉིན་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་སྐོར་དང་འབྲེལ་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་དོན་ཆེད་དུ་ཚང་མས་འགན་འཁུར་བའི་ཐོག་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཕྱི་ཚེས་ ༤ ཉིན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་སྦེལ་ཀོབ་ཏུ་ཡོད་པའི་དགོན་སྡེ་ཁག་ཏུ་གནས་མཇལ་གནང་བ་དང་། ཕྱི་ཚེས་ ༥ ཉིན་མཻ་སོར་གྱི་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་ཁོང་གིས་བོད་མིའི་སྤྱིི་ཚོགས་ཁྲོད་རྡོག་རྩ་ཆིག་སྒྲིག་དགོས་གལ་སྐོར་གསུངས་རྗེས་སློབ་ཕྲུག་གི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཕྱི་ཚེས་ ༦ ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། སྨན་རྩིས་ཁང་མཐོ་སློབ་བཅས་སུ་གཟིགས་སྐོར་ཕེབས་རྗེས་སློབ་ཕྲུག་རྣམས་ལ་བོད་དོན་ཞུ་གཏུག་བྱེད་ཕྱོགས་སྐོར་གསུང་བཤད་གནང་ཡོད། དེ་ཡང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་བྱས་པར་ཐོག་མར་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་དགོས་པའི་སྐོར་གསུངས་རྗེས་སློབ་ཕྲུག་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་ཕྱི་ཚེས་ ༧ ཉིན་ལྡི་ལིའི་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་དུ་ཕེབས་ཏེ་གསུང་བཤད་གནང་སྐབས་བོད་མིའི་བདེ་དོན་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ནང་མཉམ་ཞུགས་གནང་དགོས་གལ་དང་། སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་དགོས་པ། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་འབད་བརྩོན་གནང་དགོས་པ་སོགས་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱི་མཐོ་སློབ་ཁག་ཏུ་བོད་དོན་དང་། བོད་མིའི་སྒྲིག་འཛུགས་སྐོར་གོ་རྟོགས་ཀྱི་ལས་རིམ་དེ་ཕྱི་ཚེས་ ༨ ཉིན་མཇུག་སྒྲིལ་ཡོད་པ་དང་། ཕྱོགས་སྐྱོད་སྐབས་དྲུང་གཞོན་ཀརྨ་འཕྲིན་ལས་ལགས་ལྷན་བཅར་ཞུས་ཡོད།