༄༅། །རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཤེས་ཡོན་བསྟི་གནས་ཁང་ཁག་ནས་བོད་ཀྱི་སྐད་ཡིག་རྩ་གཏོར་གཏོང་ཐབས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་པ་ནི་བོད་ནང་རིག་གནས་གསར་བརྗེ་གཉིས་པ་འགོ་འཛུགས་ལྟ་བུར་གྱུར་ཡོད་པ་དང་། ཉེ་བའི་ཟླ་ཤས་ནས་རྒྱ་ནག་གཞུང་གིས་མཐོ་སློབ་ཁག་གི་སློབ་འཇུག་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་རྒྱུའི་ཐད་གཞིས་བཞུགས་བོད་མི་སྒྱུ་རྩལ་བ་དང་། སློབ་ཕྲུག ཤེས་ཡོན་ཅན་བཅས་ནས་ཐུགས་འཚབ་ཆེན་པོ་བསྟན་ཡོད།
མཐོ་སློབ་ཀྱི་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་སྲིད།
བོད་ནང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་བོད་པའི་གཞོན་སྐྱེས་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་ལོ་རྗེས་མ་ནས་མཐོ་སློབ་སློབ་འཇུག་གི་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག་པ་མ་ཟད། ཁག་ཅིག་གིས་ཡིག་རྒྱུགས་སྐབས་བོད་ཡིག་གདམ་ག་ཡོད་པ་བཤད་འདུག གཙུག་ལག་སློབ་གཉེར་ཁང་དང་སློབ་འབྲིང་དུ་འགྲིམ་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་པའི་སྐོར་སྤྱི་ཚོགས་དྲ་ལམ་ཐོག་བསམ་ཚུལ་སྤེལ་རེས་ཀྱིས་བློ་འཚབ་གནང་བཞིན་འདུག་པ་མ་ཟད། དེའི་ཁྲོད་ནས་བོད་ནང་གི་ས་ཁུལ་འདྲ་མིན་ནང་གནས་སྡོད་རིག་གཞུང་སྒྱུ་རྩལ་བ་དང་། གཞས་པ་རྣམ་པས་ཀྱང་གནད་དོན་དེའི་ཐོག་དོ་སྣང་དང་གླེང་སློང་མང་པོ་གནང་ཡོད།
རྒྱ་ནག་གཞུང་གིས་མཐོ་སློབ་ཀྱི་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་རྒྱུའི་གཞུང་ཕྱོགས་ནས་གསལ་བསྒྲགས་སྤེལ་མེད་ཀྱང་། དེ་སྔ་རྒྱ་ནག་གཞུང་གིས་རྩོད་གཞི་ཅན་གྱི་སྲིད་བྱུས་ཁག་ལག་བསྟར་མ་བྱས་གོང་སྤྱི་ཚོགས་དྲ་ལམ་ཐོག་བོད་མིའི་བསམ་ཚུལ་ཉམས་ཚོད་ལེན་ཏེ། སྤྱི་ཚོགས་ཀྱི་འགོ་ཁྲིད་རྣམས་ལ་མགོ་གནོན་དང་འཛིན་བཟུང་བྱེད་ཀྱི་ཡོད།
མཐོ་སློབ་ཀྱི་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་རྒྱུའི་གནད་དོན་དང་འབྲེལ་རྒྱ་རིགས་དགེ་རྒན་ཟུར་པ་དང་ད་ལྟ་མདུན་ལམ་སློབ་སྟོན་པ་ཡིན་པ་ཞིག་གིས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་དྲ་ལམ་བརྒྱུད་བཤད་པ་ལྟར་ན། རྒྱ་ནག་གི་མཐོ་སློབ་ཀྱི་རྒྱུགས་གཞི་ནང་བོད་ཡིག་མེད་པ་བཟོས་མེད་སྐོར་བརྗོད་འདུག་ལ། ཕྱི་ལོ ༢༠༢༥ ལོའི་མཐོ་སློབ་ཡིག་རྒྱུགས་ནང་རྒྱ་ཡིག་སློབ་རྒྱུགས་དེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༧ ཉིན་སྤྲོད་དགོས་པ་དང་། རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་བོད་རིགས་སློབ་རྣམས་ཀྱིས་བོད་ཡིག་སློབ་རྒྱུགས་དེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༩ ཉིན་སྤྲོད་དགོས་ཡོད་པ་བཤད་འདུག གང་ལྟར་ཞིབ་འཇུག་བྱས་པའི་སྙན་ཐོར་གཞིགས་ན། རྒྱ་ནག་གཞུང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་བོད་ཀྱི་སྐད་ཡིག་སློབ་ཁྲིད་མེད་པར་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གསལ་སྟོན་བྱེད་ཀྱི་ཡོད།
འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་སློབ་གསོ་རྩ་གཏོར་གཏོང་བ།
ཕྱི་ལོ་ ༢༠༢༡ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཆེད་ལས་སྒེར་གཉེར་སློབ་གྲྭ་དང་དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་མང་པོ་བཙན་དབང་གིས་སྒོ་བརྒྱབ་ཡོད།
དེ་ཡང་ཉེ་ལམ་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་བོད་ནང་མཚན་སྙན་ལྡན་པའི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུ་གླིང་བཙན་དབང་གིས་སྒོ་བརྒྱབ་པ་དང་། འདི་ལོའི་ཕྱི་ཟླ་ ༦ ནང་སློབ་མ་ ༥༠༠ ཙམ་ཡོད་པའི་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭར་དམ་དྲག་རིམ་པ་བྱས་རྐྱེན་སྒོ་བརྒྱབ་པའི་གནས་སྟངས་ཆགས་ཡོད། ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ཚེས་ ༣༡ ཉིན་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་མ་ཟད། སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་སོགས་གཏོར་བཤིག་བཏང་ཡོད། དེ་མཚུངས་ཀྱི་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སྒོ་བརྒྱབ་ཡོད།
གཞན་ཡང་དེ་སྔོན་རྒྱ་ནག་གཞུང་གི་ཆོག་མཆན་འོག་བཙུགས་པའི་བོད་ཁམས་དཀར་མཛེས་ཁུལ་རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ་དང་། ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་། ཏྲེ་ཧོར་དར་རྒྱས་རོང་པ་ཚ་ཡུལ་ཚོའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་བཅས་ཕྱི་ལོ་ ༢༠༢༢ ལོར་སྒོ་བརྒྱབ་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་དགེ་རྒན་ཞིག་གིས་སྒེར་གཉེར་སློབ་གྲྭ་ཁག་གི་ནང་བོད་ཡིག་ཆེད་སྦྱོང་གི་ཤེས་ཡོན་མཁོ་སྤྲོད་གནང་བཞིན་པར་སྒོ་བརྒྱབ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག
རྔ་བ་ཁུལ་གྱི་མི་རིགས་དང་ཆོས་རིག་ལས་དོན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ནང་གནས་ཚུལ་སྤེལ་བར་གཞིགས་ན། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭ་སྒོ་མ་རྒྱག་པའི་སྔོན་ལ་རྔ་བ་ཁུལ་གྱི་གཞི་རིམ་འོག་མའི་སློབ་གྲྭ་ ༦༩ ཡོངས་སུ་སྒོ་བརྒྱབ་པ་དང་། སློབ་གྲྭ་ ༨ སློབ་གྲྭ་གཞན་དུ་ཟླ་སྒྲིལ་བཏང་བ། གཞི་རིམ་འོག་མའི་སློབ་གྲྭ་ ༣༣ ནང་དུ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་གཞིར་བཟུང་ཤེས་ཡོན་ལམ་ལུགས་ལ་འགྱུར་བ་བཏང་བ་སོགས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེའི་སློབ་གྲྭ་ཁག་གི་ཐོག་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད།
རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར།
རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་བྱུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་བཏོན་པའི་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་མངོན་གསལ་ཐུབ་ཡོད་པ་དང་། རྒྱ་ནག་གཞུང་གིས་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་སྐད་ཡིག བོད་མིའི་ངོ་བོ་སོགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། ད་དུང་མཚོ་སྔོན་བོད་རིགས་གྲོང་ཁྱེར་མང་པོའི་ནང་ཚོང་ཁང་སོགས་ཀྱི་སྒོ་བྱང་ཐམས་ཅད་རྒྱ་ཡིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད་འདུག
བཙན་དབང་གིས་ཤེས་ཡོན་སློབ་གསོ་བརྗེ་སྒྱུར་དང་སློབ་མའི་འགོག་རྒོལ།
རྒྱ་ནག་གཞུང་གིས་མ་མཐའ་ལ་ཕྱི་ལོ་ ༢༠༡༤ ནས་བཟུང་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཟུར་བཙུགས་ཀྱིས། རང་ལོ་ ༤ ནས་ ༡༨ བར་གྱི་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་དབང་གིས་སློབ་འཇུག་བྱས་ཏེ། རྒྱལ་ཞེན་གྱི་སློབ་གསོ་སྤྲོད་བཞིན་རྒྱ་ཡིག་གཙོ་ཁྲིད་བྱེད་ཀྱི་ཡོད། དེ་བཞིན་སྤྱི་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་རྒྱ་སྐད་མང་ཙམ་བེད་སྤྱོད་ཀྱིས་བོད་ཡིག་རིན་ཐང་མེད་པ་བསྒྱུར་རྒྱུར་གང་ཐུབ་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༥ ལོར་ཡུལ་ཤུལ་ས་གནས་སྲིད་གཞུང་གིས་དགེ་འདུན་པས་གཉེར་བཞིན་པའི་སྒེར་གཉེར་སྔོན་འགྲོའི་འཛིན་གྲྭ་བཙན་གྱིས་མཚམས་འཇོག་བཅུག་པ་མ་ཟད། ས་གནས་ཀྱི་དགོན་པ་གཞན་དང་སྒེརགཉེར་སློབ་གྲྭ་ཁག་ཏུའང་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག་ལ། ལོ་དེ་རང་གི་ཟླ་ ༣ ནང་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུང་གྱི་མཐོ་འབྲིང་གི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ཞི་རྒོལ་གོམ་བགྲོད་བྱས་པ་བྱུང་ཡོད། གཞན་ཡང་ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༩ ཉིན་རྨ་ལྷོ་ཁུལ་སློབ་གསོ་ལྟེ་གནས་ལས་ཁུངས་མདུན་དུ་རེབ་གོང་སློབ་འབྲིང་གསུམ་གྱི་སློབ་མ་ཚོས་སྐད་ཡིག་གི་རང་དབང་དང་། ཆེད་ལས་སློབ་ཚན་རྒྱ་ཡིག་ནང་བསྒྱུར་མི་ཆོག་ཅེས་འབོད་ནས་རྔམ་སྟོན་ཁྲོམས་སྐོར་བྱས་ཡོད། རྨ་ལྷོ་ཁུལ་སློབ་གསོ་འགོ་ཁྲིད་ཀྱིས་ཆེད་ལས་ཀློག་དེབ་བོད་ཡིག་རང་ལས་རྒྱ་ཡིག་ཐོག་མི་བསྒྱུར་བའི་ཁས་ལེན་བྱས་ཀྱང་། རིམ་པས་ཆེད་ལས་སློབ་ཚན་རྣམས་རྒྱ་ཡིག་ནང་བཟོས་རྗེས་ད་ཆ་བོད་ཡིག་ཁོ་ན་ཙམ་ལས་དེ་མིན་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ཐོག་བཟོས་ཚར་ཡོད་པ་རེད་འདུག
འདི་ལོའི་ཕྱི་ཟླ་ ༩ པའི་ནང་བོད་ནས་བརྙན་པར་ཞིག་ཕྱི་གྱར་བྱུང་བའི་ནང་། རྒྱ་ནག་གཞུང་གིས་རྔ་བ་དམུ་དགེ་ཁུལ་གྱི་དགོན་པའི་སློབ་གྲྭའི་སློབ་ཕྲུག་ ༡༥༠ ཙམ་བཙན་དབང་གིས་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་འགྲོ་དགོས་པའི་བཙན་བཀའ་བཏང་བའི་ཁྲོད། གཞུང་གི་ལས་བྱེད་པ་ཁག་ཅིག་གིས་གྲྭ་ཆུང་ཞིག་ངུ་འབོད་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་གཞུང་གི་སློབ་གྲྭར་གཏོང་ཆེད་བཙན་དབང་གིས་མོ་ཊའི་ནང་དུ་འཇུག་བཞིན་པ་མཐོང་རྒྱུ་ཡོད། དེ་བཞིན་གནད་དོན་དེ་གའི་ཁྲོད་སློབ་ཕྲུག་གསུམ་གྱིས་སློབ་གྲྭའི་ནང་གི་བཙོན་ཁང་ལྟ་བུའི་ཁོར་ཡུག་ལ་མི་བཟོད་པར་རང་སྲོག་གཅོད་ཐབས་བྱས་པའི་གནད་དོན་ཡང་བྱུང་ཡོད། །