༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འགོ་འཛིན་ཁག་ཅིག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲིའི་མཇལ་བཅར་ཞུས་ཡོད་པ་རེད།
དེ་ཡང་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཚངས་པ་ལགས་དང་། ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ཀུན་དཀའ་འཇིགས་མེད་ལགས། བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས། ཀྲུ་ཀྲིང་ས་གནས་འགོ་འཛིན་བདེ་ཆེན་དབང་པོ་ལགས་བཅས་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་ཞུས་ཏེ། བསྟན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁོང་ཉིད་ལ་མངའ་སྡེའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་འབྲེལ། མོན་མི་མང་རྣམས་ནས་ཉེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
མཇལ་འཕྲད་སྐབས་ས་གནས་འགོ་འཛིན་རྣམ་པས་སྙན་ཞུ་ཞིག་ཕུལ་ཏེ། ས་གནས་བོད་མིའི་དཀའ་ངལ་ཁག་ཅིག་སྙན་སེང་དང་། དེ་དོན་དཀའ་སེལ་ཡོང་བའི་འབོད་སྐུལ་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་ནས་དགོས་ངེས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད།
གཞན་ཡང་སྐབས་དེར་ས་གནས་འགོ་འཛིན་རྣམ་པས་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་ཨ་རུ་ན་ཅལ་མངའ་སྡེ་ནང་གནས་སྡོད་བོད་མི་རྣམས་ཀྱི་ཚབ་ཞུས་ནས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཡོད།
མཇལ་འཕྲད་སྐབས་སུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ (Tarh Tarak) ལགས་དང་། དྲུང་ཡིག་ཉི་མ་སེངྒེ་ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་བཅས།།