༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༩ ཉིན་གུང་ཆུ་ཚོད་ ༥།༠༠ པའི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་སུ་རེ་ཤི་པ་རཱ་བྷུ་ (Suresh Prabhu) ལགས་ཀྱིས་སྣེ་ཁྲིད་པའི་ལྡི་ལིར་རྟེན་གཞི་བྱས་པའི་བློ་འདོན་ལྟེ་གནས་ཁང་ (India Foundation) གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཞིང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་སུ་རེ་ཤི་ པ་རཱ་བྷུ་ལགས་ཀྱིས་སྣེ་ཁྲིད་པའི་ལྡི་ལིར་རྟེན་གཞི་བྱས་པའི་བློ་འདོན་ལྟེ་གནས་ཁང་ (India Foundation) གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་ཧ་ཅང་དགའ་པོ་བྱུང་ཞེས་དང་། དེ་ནས་གསུང་དོན། དེ་སྔ་རྒྱ་གར་བློ་འདོན་ལྟེ་གནས་ཁང་ (India Foundation) གི་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གཏམ་བཤད་གནང་རྒྱུར་ཚོགས་གཙོ་མགྲོན་འབོད་གནང་བ་ལྟར་བཅར་རྒྱུ་བྱུང་བ་དང་། དེའི་སྐབས་མི་མང་པོ་ཞིག་ཕེབས་འདུག་པ་དང་། དེ་བཞིན་ཉེ་ལམ་ལྟེ་གནས་ཁང་འདིའི་ཐོག་ནས་བོད་དོན་སྐོར་བགྲོ་གླེང་གནང་བ་དེ་འདྲ་མཇལ་རྒྱུ་འདུག་པར་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་དང་། རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༥ འགྲོ་ཡི་ཡོད་ཅིང་། དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་དང་། འཐབ་རྩོད་ཀྱི་ཐོག་ནུས་པ་དམིགས་བསལ་ཞིག་ཐོན་ཡོད་པ་རེད། མ་འོངས་པར་བོད་དོན་བདེན་མཐའ་མ་གསལ་བར་རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་ཡི་ཡོད། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གཙོས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་སོགས་དངོས་ཡོད་གནས་སྟངས་ཐོག་འཁྱོག་བཤད་བྱ་རྒྱུ་སྔར་ལྷག་ཤུགས་ཆེར་འགྲོ་བཞིན་ཡོད་སྟབས། ལྟེ་གནས་ཁང་གི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་དངོས་ཡོད་གནས་ཚུལ་ཐོག་ཞིབ་འཇུག་དང་། རྒྱ་གར་གཞུང་གི་ཐོག་ནས་དེ་དག་ཐོག་དོ་སྣང་དང་། བོད་དོན་སྐོར་དྲིལ་བསྒྲགས་གནང་རྒྱུར་རོགས་པ་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག་ཅེས་གསུངས་པ་དང་།
དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་བློ་འདོན་ལྟེ་གནས་ཁང་ (India Foundation) གི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཚབ་ཚོགས་ཆུང་འདིར་ཕེབས་པ་དེས་རྒྱ་ནག་དམར་གཞུང་ལ་བོད་དོན་ཐོག་བོད་པ་གཅིག་པུ་མིན་པར་རྒྱབ་སྐྱོར་གནང་མཁན་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད་པའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འཕགས་བོད་དབར་ས་མཚམས་ཡོད་པ་ལས་རྒྱ་དཀར་ནག་དབར་ས་མཚམས་མེད་པ་དང་། རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རྒྱ་གར་གྱི་ས་མཚམས་ལ་བཙན་འཛུལ་གྱི་དཀའ་ངལ་རིམ་པ་བཟོས་ཡོད་པ་དང་། རྒྱ་ནག་དམར་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཤུགས་རྐྱེན་ལ་ཚང་མས་མཉམ་རུབ་ཐོག་གདོང་ལེན་གནང་དགོས་པ། ས་མཚམས་ཀྱི་དཀའ་ངལ་དེ་དག་སེལ་རྒྱུར་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུངས་སོང་།
ལྡི་ལིར་རྟེན་གཞི་བྱས་པའི་བློ་འདོན་ལྟེ་གནས་ཁང་ (India Foundation) གི་སྐུ་ཚབ་ཚོགས་ཆུང་འདིའི་ནང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སུ་རེ་ཤི་ པ་རཱ་བྷུ་ (Suresh Prabhu) ལགས་དང་། དམག་སྤྱི་ཟུར་པ་ཨ་རུན་ སཧ་ནི་ (LtGen, Arun Sahni) ལགས། སློབ་དཔོན་ཆེན་མོ་སུ་ནཱ་ཡ་ནཱ་ སིངྒ་ (Prof. Sunaina Singh) ལགས། བློ་འདོན་ལྟེ་གནས་ཁང་ (South Asian Institute for Strategic Affairs (SAISA)) ཞེས་པའི་འགན་འཛིན་སྐུ་ཞབས་ཨ་ལོག་ བྷན་སལ་ (Capt Alok Bansal) མཆོག ཉམས་ཞིབ་པ་ལྕམ་སྐུ་རཱ་མི་ དྷེ་སཡེ་ (Ms Rami Desai) ལགས། ངག་དབང་རྒྱ་མཚོ་ (Ms Ngawang Gamtso Hardy) ལགས་བཅས་ཡོད་པ་དང་། ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་ཀྱི་རིང་རྒྱ་གར་དང་། བོད་མིའི་སྒྲིག་འཛུགས་དབར་འབྲེལ་ལམ་དང་། རིག་གཞུང་གོ་རྟོགས་སོགས་ཀྱི་སླད་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་གཞུང་འབྲེལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་བཅས། །