༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་རཱོ་ཡལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་ (Shri Bhartruhari Mahtab) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་ (Tapir Gao) མཆོག་རྣམ་པ་གཉིས་ཀྱིས་གཙོས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༢༥ ལྷག་ཙམ་དང་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ ༢༩ བཅས་ལྷན་འཛོམས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་དོན་ཚན་བཅུ་གཉིས་ཅན་གྱི་གྲོས་ཆོད་གཅིག་གཏན་འབེབས་གནང་ཡོད་པ་རེད།
དེ་ཡང་ཚོགས་འདུའི་ཐོག་མར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་མཆོག་གིས་འཚམས་འདྲིའི་གསུང་བཤད་དང་། རྒྱ་གར་གྲོས་ཚོགས་འོག་མའི་སྟོང་པའི་དུས་ཚོད་ཐོག་གསུངས་པའི་སྐོར་བསྐྱར་དུ་གསུངས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་རྒྱ་གར་གཞུང་ནས་ངོས་འཛིན་དང་། ༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་ རཏ་ན་ (Bharat Ratna) འབུལ་བཞེས་མཛད་དགོས་པ། རྒྱ་ནག་དམར་གཞུང་གིས་མགོན་པོ་གང་ཉིད་ཀྱི་༧སྐུའི་ཡང་སྲིད་ཐད་ངན་བྱུས་གཤོམ་བཞིན་པར་རྒྱ་གར་གཞུང་ནས་སྔོན་ཚུད་ནས་གདོང་ལེན་གནང་དགོས་སྐོར་སོགས་གསུངས་གནང་བ་དང་། དེ་ནས་རིམ་པས། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་ཏེ། རྒྱ་ནག་དམར་གཞུང་གིས་བོད་ནང་སློབ་ཕྲུག་རྣམས་རྒྱ་ནག་དམར་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱས་བཅུག་སྟེ། བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་གཤོམ་བཞིན་ཡོད་པ་དང་། བོད་ནང་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཅིང་། གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་པ་དང་།
དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྱུང་རིམ་དང་། ཚོགས་པ་འདི་འདྲ་བ་ཞིག་གསར་འཛུགས་གནང་བ་དེས་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་རྣམ་པའི་ཐོག་ནས་བོད་དོན་ཐོག་ཐུགས་ཁུར་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད་པའི་སྐོར། རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་དང་། བོད་ཀྱི་གནད་དོན་རྒྱ་གར་གཞུང་ལ་གལ་གནད་ཇི་ཆགས། ད་ལན་ཚོགས་འདུའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ནང་གི་དོན་ཚན་ཁག་ལ་ལག་ལེན་ཡོང་ཐབས་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཟུར་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Sujeet Kumar) མཆོག་གིས། ཁོང་གི་དེ་སྔའི་སྲིད་དོན་ཚོགས་པ་ (BJD) དབུ་འཛུགས་གནང་མཁན་ཨུ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཇུ་ པཏ་ན་ཡག་ (Shri Biju Patnaik) མཆོག་ནི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་མི་བཙན་བྱོལ་ལ་སླེབས་དུས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁོངས་ནས་རྒྱ་གར་ནང་བོད་མིའི་གཞིས་ཆགས་གསར་འཛུགས་སྐབས་ས་ཆའི་མཐུན་འགྱུར་གནང་མཁན་ཐོག་མའི་གྲས་ཡིན་སྐོར་དང་། དེ་བཞིན་ལོ་རྒྱུས་ཐོག་ (Indo-Tibetan Border Police (ITBP)) འཕགས་བོད་ས་མཚམས་མཐའ་སྲུང་ཉེན་རྟོག་པ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད་པ་ལུང་འདྲེན་གྱིས་འཕགས་བོད་དབར་ས་མཚམས་ཡོད་པ་ལས། རྒྱ་དཀར་ནག་དབར་ས་མཚམས་ཟེར་བ་ཞིག་རྩ་བ་ནས་མེད་པའི་སྐོར། ཁོང་ཉིད་ཡུན་རིང་བོད་དོན་དང་། བོད་མི་རྣམས་དང་ལྷན་ཕྱག་ལས་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་ཡོད་པ་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དང་།
རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་མཆོག་གིས་བོད་དང་། རྒྱ་གར་དབར་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གི་གལ་གནད་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་དེ་དག་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་པ། (Line of Actual Control) ཡི་འཕགས་བོད་ས་མཚམས་མཚོན་གྱི་ཡོད་པ་ལས། རྒྱ་དཀར་ནག་དབར་གྱི་ས་མཚམས་ཞེས་པ་རྩ་བ་ནས་མེད་པའི་སྐོར་སོགས་ཀྱི་ཐོག་གསུངས།
གཞན་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་རྗེས། དོན་ཚན་བཅུ་གཉིས་ཅན་གྱི་གྲོས་ཆོད་ཅིག་གཏན་འབེབས་དང་། གྲོས་ཆོད་དོན་ཚན་བཅུ་གཉིས་ནི། ༡) རྒྱ་གར་སྲིད་དོན་ཚོགས་པ་འདྲ་མིན་ལ་བོད་དོན་ཞུ་སྐུལ་གནང་རྒྱུ། ༢) རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུ། ༣) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་འབྲེལ་བའི་ལས་འཆར་གོ་སྒྲིག་ཞུ་རྒྱུ། ༤) ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ། ༥) བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་སེལ་ཐབས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ། ༦) རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། དེས་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༧) བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུ་དང་། བསམ་བློ་དང་། སྨྲ་བརྗོད། ཞི་བདེའི་འདུ་འཛོམས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་གནང་མཁན་རྣམས་བོད་ནང་གཟིགས་སྐོར་ཕེབས་རྒྱུར་གདན་ཞུས་གནང་རྒྱུ། ༨) ཕྱི་ལོ་ ༡༩༩༥ ཟླ་བ་ ༥ པའི་ཚེས་ ༡༧ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། ༩) བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་སྐུལ་མ་བྱ་རྒྱུ། ༡༠) རྒྱ་ནག་དམར་གཞུང་གཅིག་སྡུད་དབང་བསྒྱུར་དང་། དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ། ༡༡) གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་བྱ་རྒྱུ། ༡༢) ཚོགས་གཙོའི་བཀའ་འཁྲོལ་ཐོག་གནད་དོན་གཞན་གྱི་ཐོག་བཀའ་བསྡུར་གནང་རྒྱུ། བཅས་དོན་ཚན་བཅུ་གཉིས་ཅན་གྱི་གྲོས་ཆོད་གཏན་འབེབས་དང་། མཐར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་།
སྐབས་དེའི་ཚོགས་འདུའི་ཐོག་ ༡) རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་ (Shri Bhartruhari Mahtab) མཆོག་དང་། ༢) ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཏ་པིར་ གྷའོ་ (Shri Tapir Gao) མཆོག ༣) རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeeth Kumar, former Covenor of APIPFT) མཆོག ༤) འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་འབྲས་ལྗོངས་ཀ་རན་ཊིཀ་རི་ མོར་ཆ་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨིན་དྷར་ ཧང་ སུ་བྷ་ (Shri. Indra Hang Subba, Lok Sabha MP, Sikkim Krantikari Morcha, Sikkim) མཆོག ༥) ཨན་དྷར་པར་དྷེ་ཤི་མངའ་སྡེ་ནས་ཡིན་པ་ (TDP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་རི་ཤཱི་ནཱ་ པར་སཏ་ ཊེ་ནེ་ཏི་ (Shri Krishna Prasad Tenneti) མཆོག ༦) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨལ་ཧྥེ་རིཌི་ ཀན་གྷམ་ ཨར་ཐུར་ (Shri Alfred Kanngam Arthur) མཆོག ༧) ཏི་ལིང་གྷ་ན་མངའ་སྡེ་ནས་ཡིན་པ་རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཀ་ཌི་ཡམ་ ཀཱ་ཝི་ཡ་ (Shri Dr. Kadiyam Kavya) མཆོག
༨) མེ་གྷ་ལ་ཡ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སཱ་ལེང་ ཨེ་ སངས་མ་ (Shri Saleng A Sangma) མཆོག ༩) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་བྷེ་ཇི་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མ་ཧེ་ཤི་ ཁ་ཤབ་ (Shri Mahesh Kashyap) མཆོག ༡༠) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་པར་དེབ་ ཅན་དྷར་ སཱ་རན་གྷི་ (Shri Pratap Chandra Sarangi) མཆོག ༡༡) མ་ཧ་ར་ཤ་ཊ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷོ་ཝལ་ པཌ་ཝི་ (Shri Adv. Gowaal Padavi) མཆོག ༡༢) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ བྷི་མོལ་ ཨ་ཀོཡར་ཇེམ་ (Dr. A. Bimol Akoijam) མཆོག ༡༣) བྷི་ཧར་མངའ་སྡེ་ནས་ཡིན་པ་ (Rashtriya Janta Dal) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་ སིངྒ་ (Shri Sudhakar Singh) མཆོག ༡༤) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་ (All India Trinamool Congress) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇུན་ མ་ལེཡ་ (Smt June Maliah) མཆོག ༡༥) ར་ཇ་ས་ཐན་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་རི་ཤི་ ཅན་དྷར་ མི་ནཱ་ (Shri Harish Chandra Meena) མཆོག
༡༦) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་མར་སིངྒ་ ཊི་སོ་ (Shri Amarsing Tisso, MP Lok Sabha, BJP, Assam) མཆོག ༡༧) ཏི་ར་པུ་ར་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཀི་རིཏི་ དྷེ་ཝི་ ཌི་ བྷུར་མན་ (Smt. Kriti Devi D. Burman) མཆོག ༡༨) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སང་གྷི་ཏ་ ཀུ་མ་རི་ སིངྒ་ ཌིའོ་ (Smt. Sangeeta Kumari Singh Deo) མཆོག ༡༩) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནོ་ཇ་ ཊི་གྷ་ (Shri Manoj Tigga) མཆོག ༢༠) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀམ་ཀེན་ཡ་ པར་སཏ་ ཊ་སཱ་ (Shri Kamknya Prasad Tasa) མཆོག ༢༡) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་གྷུམ་ཆ་ བྷི་མོལ་ ཨ་ཀོཡེ་ཇམ་ (Shri Angomcha Bimol Akoijam) མཆོག ༢༢) མ་ཧ་ར་ཤ་ཀྲ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པ་རན་ཊི་ ཤིན་ཌི་ (Smt Praniti Shinde) མཆོག ༢༣) ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པ་རཱ་བྷུ་ མ་ལི་ཀར་ཇུན་ (Smt Prabha Mallikarjun) ༢༤) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བྷོ་ཇ་ རཱ་ཇཱ་ ནག་ (MP Bhoj Raj Nag) མཆོག ༢༥) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་རུ་དྷར་ ན་ར་ཡན་ པ་ནེས་ (Shri Rudra Narayan Pany) མཆོག་སོགས་ཕེབས་འདུག་པ་བཅས། །