༄༅། །རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ (Dr. Manmohan Singh) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོ་ཞུས་གནང་ཡོད།
སྲིད་བློན་ཟུར་པའི་སྐུ་ཟླ་གུར་ཤཱ་རན་ ཀོར་ ཀོ་ལི་ (Gursharan Kaur Kohli) མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཤིན་ཏུ་ནས་བློ་ཕམ་བྱུང་། དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་གྲོགས་པོ་བློས་ཐུབ་ཅིག་ཡིན།
སྲིད་བློན་ཟུར་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་དང་། འཛམ་གླིང་ནང་འཚོ་བ་སྟབས་བདེར་རོལ་མཁན་དང་། མཁྱེན་རྒྱ་ཤིན་ཏུ་ཡངས་པའི་ཆབ་སྲིད་ཀྱི་དབུ་འཁྲིད་སྙན་གྲགས་ཅན་ཞིག་མེད་པར་ཆགས་ཡོད། དམ་པ་ཁོང་གི་ཞུམ་པ་མེད་པའི་སྤྱོད་བཟང་དང་། རྒྱལ་ཁབ་ཆེད་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།
ངས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ལྷན་རྒྱས་དང་། ཁོང་གི་རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་། ཁོང་གི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ཡིན། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་བོད་མི་ཚང་མས་སྐུ་ཉིད་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག །