༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་གོ་སྒྲིག་ཞུས་པའི་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་ ༡༡ པ་མཇུག་བསྒྲིལ་ཡོད། ཐེངས་འདིའི་ཟླ་དྲུག་ཟབ་ཁྲིད་ནང་ས་གནས་ཁག་བཅུ་ཙམ་ནས་བོད་རིགས་གཞོན་སྐྱེས་ ༢༥ མཉམ་ཞུགས་གནང་ཡོད།
མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་རྗེ་བཙུན་ཐུབ་བསྟན་རབ་རྒྱས་མཆོག་དང་། ཆོས་རིག་རིག་གཞུང་ཚན་པའི་འགན་འཛིན། གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་དང་། དེ་བཞིན་དགེ་རྒན་རྣམ་པ་དང་སློབ་ཕྲུག་རྣམ་པ་ལྷན་འཛོམས་ཐོག་ཨང་རིམ་རྩེ་ཕུད་སོན་པ་གསུམ་ལ་ལེགས་གསོལ་བྱ་དགའ་དང་། གཞན་ཡང་ཟབ་ཁྲིད་ལ་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཡོངས་ལ་ཟླ་དྲུག་ཟབ་ཁྲིད་མཉམ་ཞུགས་ལེགས་གྲུབ་བྱུང་བའི་ཕྱག་འཁྱེར་གནང་ཡོད།
དེ་རྗེས་གསུང་བཤད་རིམ་གནང་བའི་ཁྲོད། སྐུ་མགྲོན་གཙོ་བོ་བླ་མ་དབུ་མཛད་མཆོག་ནས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་བོད་ཀྱི་ནང་ཆོས་དང་འབྲེལ་བའི་སྐོར་གསུང་བཤད་དང་། ཆོས་རིག་སྐུ་ཚབ་ནས་ཟླ་དྲུག་ཟབ་ཁྲིད་ཀྱི་ལས་གཞིའི་སྐོར་དང་། དེ་བཞིན་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་གི་གནས་བབ་སྐོར། མ་འོངས་པར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་རྒྱུན་གནས་ཐུབ་པར་བོད་རིགས་གཞོན་སྐྱེས་ཚོའི་འོས་འགན་སྐོར་གསུངས་ཡོད། གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་མཆོག་ནས་སློབ་ཕྲུག་རྣམས་ལ་ཟབ་ཁྲིད་ཀྱི་དུས་ཡུན་ཟླ་དྲུག་རིང་སློབ་སྦྱོང་ཐོག་སྦྱང་བརྩོན་ཧུར་ཐག་གནང་བར་བསྔགས་བརྗོད་དང་། ད་ལྟ་གང་སྦྱངས་པ་དེ་དག་མ་འོངས་པར་ཉམས་ལེན་ཡག་པོ་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་མཇུག་བསྒྲིལ་ཡོད།
དུས་ཡུན་ཟླ་དྲུག་གི་ཟབ་ཁྲིད་དེའི་རིང་སློབ་ཕྲུག་རྣམས་ལ་ནང་དོན་རིག་པའི་གཞུང་ཆེན་བཀའ་པོད་ལྔའི་སྙིང་པོ་ཕྱོགས་བཏུས་དང་། གྲུབ་མཐའ། རིགས་ལམ་སློབ་ཁྲིད་དང་རྩོད་པ། བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་། སྙན་ངག རྩོམ་རིག་བཅས་སློབ་ཁྲིད་གནང་ཡོད། གཞན་ཡང་མཁས་དབང་གདན་ཞུས་ཀྱིས་གཏམ་བཤད་དང་སློབ་གཉེར་བ་ནང་ཁུལ་གྱི་བགྲོ་གླེང་། ཤེས་ཡོན་སྐོར་སྐྱོད་སོགས་གོ་སྒྲིག་གནང་ཡོད།། །།