༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞིའི་ཆ་ཤས་སུ་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་བོད་མི་ཁང་ཁྱིམ་མེད་མཁན་ཁྱིམ་ཚང་གྲངས་ ༥༤ ལ་ས་ཁང་བགོ་འགྲེམས་གནང་ཡོད།
དེ་ཡང་ས་ཆ་བགོ་འགྲེམས་ལས་གཞི་ཕྱི་ཚེས་ ༢༨ ནས་འགོ་འཛུགས་ཀྱིས་ས་ཁང་ལེན་མཁན་ཚོའི་ཡིག་ཆར་ཞིབ་འཇུག་དང་། ལས་གཞི་སྤེལ་ཡུལ་ས་ཚིགས་རྟོག་ཞིབ་གནང་རྗེས་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞིའི་ཚོགས་མི་རྣམ་པ་དང་། ས་གནས་འགོ་འཛིན་ནས་ལས་གཞིའི་ངོ་སྤྲོད་གནང་བ་དང་སྦྲགས། ས་ཁང་འཐོབ་མཁན་ཁྱིམ་ཚང་རྣམས་ནས་ལས་གཞི་སྤེལ་ཡུལ་ས་ཚིགས་སུ་ལྟ་སྐོར་གནང་ཡོད།
ཕྱི་ཚེས་ ༣༠ ཉིན་ས་ཁང་འཐོབ་མཁན་རྣམས་ལ་རང་ཉིད་ཀྱི་ས་ཁང་ཐོབ་སྐལ་མཁོ་སྤྲོད་གནང་བ་དང་ཆབས་ཅིག འདི་ལོར་ཁང་པ་ ༡༡ གསར་བཟོ་འགོ་འཛུགས་གནང་འཆར་ཡོད་པ་དང་། དེ་རྗེས་རིམ་བཞིན་འཕྲོས་ལྷག་ཁང་པ་རྣམས་རྒྱག་འཆར་ཡོད་པ་གསལ་བཤད་གནང་བའི་ཁར། ཁང་པ་གསར་རྒྱག་གི་ལས་གཞི་སྐབས་ས་ཁང་འཐོབ་མི་རྣམས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
ཐེངས་འདིའི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞིའི་ཆེད་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། དངོས་གྲུབ་འོད་ཟེར་ལགས། སྒྲོལ་མ་ཆོས་འཛོམས་ལགས། བསྟན་འཛིན་བསྟན་པ་ལགས། ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས། ས་གནས་ས་ཁང་ཚོགས་ཆུང་གི་ཚོགས་གཞོན་ཕུར་བུ་ལགས་ཐེ་བའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་དང་གཞིས་ཆགས་ཀྱི་བརྒྱ་དཔོན་རྣམ་པ་མཉམ་ཞུགས་གནང་ཡོད་པ་བཅས།།