༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རཱོ་ཡལ་གསོལ་མགྲོན་ཁང་ (Hotel The Royal Plaza) དུ་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་དེ་བཞིན་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་སོང་།
དེ་ཡང་ཕྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན་ཚོགས་འདུ་ཉིན་གཉིས་པའི་སྐབས། རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ (International Protocol) ཐོག་གི་མཁས་དབང་སྐུ་ཞབས་མག་ ཝར་ཧལ་ (Mark Verheul) ལགས་དང་། མཁས་དབང་ལྕམ་སྐུ་མ་རི་སེ་ ལར་ཤི་ མེ་ལེ་ (Maryse larche Mele) ལགས་རྣམ་གཉིས་ནས་རྒྱལ་སྤྱིའི་ནང་དབུ་ཁྲིད་ཕན་ཚུན་འབྲེལ་ལམ་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གནད་ཡོད་དཔོན་རིགས་ཕེབས་བསུ་མཇལ་འཕྲད་དང་། གཞུང་འབྲེལ་ཚོགས་འདུའི་སྐབས་ཀྱི་བཞུགས་གྲལ་དང་། གསུང་བཤད་གནང་མཁན་གོ་རིམ་སྒྲིག་སྟངས། འབྲེལ་ལམ་གནང་སྐབས་ཀྱི་སྤྱིར་བཏང་འགྲོ་ལུགས་དང་།
རྒྱལ་སྤྱིའི་ཚད་མཐོའི་འགྲོ་ལུགས་དབར་གྱི་ཁྱད་པར་དང་། དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས། དེང་དུས་བརྡ་འཕྲིན་འཕྲུལ་ལས་འཕེལ་རྒྱས་དང་བསྟུན་ནས་རྒྱལ་སྤྱིའི་ནང་གི་འགྲོ་ལུགས་ཐོག་ལ་འགྱུར་བ་ཇི་ལྟར་འགྲོ་བཞིན་པའི་སྐོར། གནད་ཡོད་མི་སྣའི་གོ་གནས་དང་། ལོ་སྣ། གནས་རིམ། རྒན་གཞོན་བཅས་ལ་གཞིགས་པའི་རྒྱལ་སྤྱིའི་ནང་གི་བཞུགས་གྲལ་གདན་ཐོབ། རྒྱལ་ཁབ་སོ་སོའི་དབར་འབྲེལ་ལམ་གྱི་འགྲོ་ལུགས་ཁྱད་པར་བཅས་ཀྱི་ཐོག་འགྲེལ་བརྗོད་དང་། སྤྱི་འཐུས་རྣམས་དང་ལྷན་དྲི་བ་དྲིས་ལན་བརྒྱུད་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་བ་དང་། ཕྱི་ཚེས་ ༡༥ ཚོགས་འདུ་ཉིན་གསུམ་པའི་སྐབས། མུ་མཐུད་གོང་གསལ་མཁས་དབང་རྣམ་གཉིས་ཀྱིས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་སྐུ་མགྲོན་དུ་གདན་ཞུ་གནང་སྐབས་ཕེབས་བསུ་ཆེ་བསྟོད་ཞུ་ཕྱོགས་དང་། ཐབས་བྱུས་དང་ལྡན་པའི་ཞུ་སྐུལ་གནང་སྟངས། དཔོན་རིགས་མཇལ་འཕྲད་སྐབས་གུས་ལུགས་འཚམས་འདྲི་དང་གྲོས་མོལ་གནང་ཕྱོགས། རིག་གཞུང་སྣ་མང་ལ་གུས་བརྩི་ཞུ་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་དང་། སྤྱི་འཐུས་རྣམས་དང་ལྷན་དྲི་བ་དྲིས་ལན་བརྒྱུད་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་རྗེས། ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། རྒྱ་གར་ཁུལ་གྱི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གི་འགན་འཛིན་ལྕམ་སྐུ་ལི་ལཱ་ མུ་ལུ་ཀུཊ་ལཱ་ (Leela Mulukutla, Chief of Party, NDI) ལགས། གསུང་བཤད་གནང་མཁན་མཁས་དབང་གཉིས། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཤིང་།
སྐབས་དེར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། ཕྱི་ཚེས་ ༡༣ ཉིན་ནཱ་ལནྡྲ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ་དང་། རྒྱ་གར་རིག་གཞུང་ལྷན་ཚོགས་ ICCR ཡི་ཚོགས་གཞོན་ཟུར་པ་ལྕམ་སྐུ་སུ་ནཱེ་ན་ སིངྒ་ (Prof. Sunaina Singh) མཆོག་གིས་ “བློ་འདོན་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁག་གི་ནང་བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་བཞིན་རྒྱ་གར་གཞུང་ཚབ་ཟུར་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Amb. Dilip Sinha) མཆོག་གིས་ “རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་གནད་དོན་གོང་མཐོར་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ལམ་སྟོན་ཞིབ་ཕྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཉིན་མཐའ་མ་གཉིས་ཀྱི་སྐབས། རྒྱ་གར་ཁུལ་གྱི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གི་འགན་འཛིན་ལྕམ་སྐུ་ལི་ལཱ་ མུ་ལུ་ཀུཊ་ལཱ་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་མཐུན་འགྱུར་ཐོག རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་དབུ་ཁྲིད་ཕེབས་བསུ་སྣེ་ལེན་ཞུ་ཕྱོགས་དང་། དཔོན་རིགས་ཚོའི་བཞུགས་གྲལ་སྒྲིག་སྟངས་སོགས་ཀྱི་ལས་རིམ་བསྐྱངས་ཐུབ་པར་ལྕམ་སྐུ་མཆོག་གིས་གཙོས་པའི་འབྲེལ་ཡོངས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་བཞིན་གསུང་བཤད་གནང་མཁན་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ (International Protocol) ཐོག་གི་མཁས་དབང་སྐུ་ཞབས་མག་ ཝར་ཧལ་ (Mark Verheul) ལགས་དང་། མཁས་དབང་ལྕམ་སྐུ་མ་རི་སེ་ ལར་ཤི་ མེ་ལེ་ (Maryse larche Mele) ལགས་རྣམ་གཉིས་ནས་སོ་སོའི་ཤེས་ཡོན་དང་། ཉམས་མྱོང་ཡོད་པའི་ཐོག་རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ཐོག་འགྲེལ་བརྗོད་ཧ་ཅང་ཡག་པོ་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉིན་གསུམ་གྱི་ལས་རིམ་སྐབས། བོད་མི་མང་སྤྱི་འཐུས་རྣམ་པས་དྲི་བའི་ཐོག་ནས་དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་ནང་ཆ་ཤས་ཧ་ཅང་ཡག་པོ་བཞེས་པ་དང་། གཞན་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དང་། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས། སྐད་བསྒྱུར་བ་བསྟན་འཛིན་བློ་ལྡན་ལགས་བཅས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལན་གྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ཐོག་གི་ཚོགས་འདུའི་ལས་རིམ་ཐོག་ནས་ཤེས་བྱ་གསར་པ་གང་བྱུང་བ་རྣམས་མ་འོངས་པར་ལས་དོན་ཐོག་ལག་ལེན་བསྟར་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
རྒྱ་གར་ཁུལ་གྱི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གི་འགན་འཛིན་ལྕམ་སྐུ་ལི་ལཱ་ མུ་ལུ་ཀུཊ་ལཱ་མཆོག་གིས་ད་ལན་ཚོགས་འདུའི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བའི་སྐོར་དང་། ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་ཆ་ཤས་གང་ལེགས་བཞེས་པར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ (International Protocol) དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་དཔོན་རིགས་མཇལ་འཕྲད་དང་ཞུ་སྐུལ་གནང་སྐབས་ཕན་ཐོགས་ཡོང་བའི་དམིགས་ཡུལ་བཟུང་བའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་དང་།
ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ཐོག་གི་མཁས་དབང་སྐུ་ཞབས་མག་ ཝར་ཧལ་ (Mark Verheul) ལགས་དང་། མཁས་དབང་ལྕམ་སྐུ་མ་རི་སེ་ ལར་ཤི་ མེ་ལེ་ (Maryse larche Mele) ལགས་རྣམ་གཉིས་ནས་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་འགྲོ་ལུགས་ཐོག་འགྲེལ་བརྗོད་ཞིབ་ཕྲ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཚོགས་ཐེངས་དེ་དག་རིང་ཤེས་བྱ་གསར་པ་གང་བྱུང་བའི་ཐོག་ནས་མ་འོངས་པར་ལས་དོན་སྤེལ་སྐབས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དང་། ཉིན་རྗེས་མ་གསུམ་རིང་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་སྐབས་དེ་དག་ལག་ལེན་གང་ཐུབ་བསྟར་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྐོར།
ཨ་རིའི་རོགས་ཚོགས་ (USAID) ཡིས་མཐུན་འགྱུར་འོག བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དང་། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (NED) གིས་མཐུན་འགྱུར་གནང་བའི་ལས་འཆར་བཅས་ཀྱི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གལ་གནད་དང་། མ་འོངས་པར་མཉམ་འབྲེལ་ཐོག་སྤེལ་རྒྱུའི་ལས་འཆར་ཁག་ངོ་སྤྲོད་དང་། ལས་འཆར་དེ་དག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་གོང་མཐོར་གཏོང་ཐབས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནུས་པ་ཚགས་ཚུད་ཡོང་རྒྱུའི་གལ་གནད་སྐོར་སོགས་གསུངས་སོང་།
གཞི་རྩའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་འདིའི་ཐོག ནཱ་ལནྡྲ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ་དང་། རྒྱ་གར་རིག་གཞུང་ལྷན་ཚོགས་ (ICCR) ཡི་ཚོགས་གཞོན་ཟུར་པ་ལྕམ་སྐུ་སུ་ནཱེ་ན་ སིངྒ་ (Prof. Sunaina Singh) མཆོག་གིས་ “བློ་འདོན་ལྟེ་གནས་ཁང་དང་།ཤེས་ཡོན་བསྟི་གནས་ཁག་གི་ནང་བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། རྒྱ་གར་གཞུང་ཚབ་ཟུར་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Amb. Dilip Sinha) མཆོག་གིས་ “རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་གནད་དོན་གོང་མཐོར་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད།
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྩོད་རྙོག་སེལ་ཐབས་སྐོར་ལ་གསུངས་པ་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་དྲི་བ་དྲིས་ལན་གྱི་ཐོག་ནས་དགོངས་ཚུལ་བརྗེ་ལེན་ལྷུགས་པོ་གནང་ཡོད་པ་བཅས། །