༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རཱོ་ཡལ་གསོལ་མགྲོན་ཁང་ (Hotel The Royal Plaza) དུ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད།
དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཐབས་བྱུས་ཚོགས་འདུ་འདི་ཨ་རིའི་རོགས་ཚོགས་ (NDI) ཀྱི་མཐུན་འགྱུར་འོག་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཉིན་གསུམ་རིང་གོ་སྒྲིག་ཞུ་ཡི་ཡོད་པ་དང་། ཉིན་དང་པོའི་ལས་རིམ་ནང་གསུང་བཤད་གནང་མཁན་མི་སྣ་གལ་ཆེན་ཁག་ཅིག་ཕེབས་ཀྱི་ཡོད་པ་རེད། ལས་རིམ་ཐོག་ཚང་མས་ཐུགས་སྣང་གནང་སྟེ། ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ལ་ལེགས་ཆ་ལེན་རྒྱུར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག དེ་རིང་ཉིན་མ་དང་པོའི་ནང་རྒྱ་གར་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལྷན་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་ལས་རིམ་ཞིག་ཡོད་ཅིང་། རྩ་བའི་དེའི་སྐབས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱ་ཊབ་ (Shri Bhartruhari Mahtab) མཆོག་ཕེབས་རྒྱུ་གནང་ཡོད་ཀྱང་། རྒྱ་གར་གྲོས་ཚོགས་ནང་ལས་དོན་ཞིག་གིས་རྐྱེན་པས་བཅར་ཐུབ་མ་སོང་། རྗེས་སུ་ཁོང་དང་ལྷན་མཇལ་འཕྲད་གནང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
རྩ་བའི་ང་ཚོ་རྒྱ་གར་ལ་སླེབས་ནས་ལོ་ངོ་ ༦༥ འགྲོ་ཡི་ཡོད་སྟབས། རྒྱ་གར་གྱི་ཆབ་སྲིད་གནས་སྟངས་ཐོག་ཚང་མར་རྒྱུས་མངའ་གང་ཙམ་ཡོད་ཀྱང་། ཁོང་རྣམ་པའི་ཉམས་མྱོང་གི་ཐོག་ནས་འབྲེལ་ལམ་གནང་རྒྱུའི་ཐབས་ལམ་ཐོག་ལེགས་ཆ་ལེན་རྒྱུ་ཡོད་རེད་བསམ་གྱི་འདུག རྗེས་ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་འཆར་སྒྲིག་གི་ཡོད་པ་དང་། ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཀྱང་ལས་འཆར་བསྒྲིག་ཐབས། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊ་པིར་ གྷའོ་མཆོག་ (Hon. Tapir Gao, Member of Lok Sabha and Co-Chair of All Party Indian Parliamentary Forum for Tibet) མཆོག་གིས་གསུང་བཤད་དང་། དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་ལས་རིམ་དང་། ནཱ་ལནྡྲ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ་དང་། རྒྱ་གར་རིག་གཞུང་ལྷན་ཚོགས་ (ICCR) ཡི་ཚོགས་གཞོན་ཟུར་པ་ལྕམ་སྐུ་སུ་ནཱེ་ན་ སིངྒ་ (Prof. Sunaina Singh) མཆོག་གིས་ཤེས་ཡོན་བསྟི་གནས་ཁང་དང་། བློ་འདོན་ལྟེ་གནས་ཁང་བཅས་ཀྱི་ནང་བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས།” ཞེས་པའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་གནད་དོན་ཡོད་པ་གང་ཞིག་ལ་ཚད་མཐོར་གཏོང་རྒྱུའི་ཐབས་ལམ་ཐོག་རྒྱ་གར་གཞུང་ཚབ་ཟུར་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Amb. Dilip Sinha) མཆོག་གིས་གསུང་བཤད་དང་། དྲི་བ་དྲིས་ལན་གནང་རྒྱུའི་ལས་རིམ།
གཞན་ཡང་དེ་སྔ་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྩོད་རྙོག་སེལ་ཐབས་སྐོར་གྱི་ལས་རིམ་ཞིག་བསྐྱངས་ཡོད་ཀྱང་། མཇུག་དེ་ལྷག་བསྡད་ཡོད་དུས། དེ་རིང་དེའི་མཇུག་གི་ལས་རིམ་ཆ་ཚང་བ་ཞིག་བསྐྱང་རྒྱུ་ཡིན་པ་རེད། དེ་ནས་ཚང་མས་ལེགས་ཆ་ལེན་ནས་སྤྱི་ཚོགས་ལ་ཕན་རླབས་དང་། སྒེར་སོ་སོའི་བསམ་བློ་གཏོང་ཕྱོགས་ལ་ཕན་ཐུབ་ཐབས་ཡོང་བ། ཉིན་རྗེས་མ་གཉིས་ཀྱི་ནང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཐོག་ལ་རེད། སྤྱི་ཡོངས་ནས་དེ་ཚོ་དགོས་གལ་ཆེན་པོ་ཆགས་བསྡད་དུས། (NDI) རོགས་ཚོགས་ཀྱིས་བྱང་ཨར་ལན་ཌི་ནས་མཁས་དབང་སྐུ་ཞབས་མག་ ཝར་ཧལ་ (Mark Verheul) ལགས་དང་། མཁས་དབང་ལྕམ་སྐུ་མ་རི་སེ་ ལར་ཆི་ མེ་ལེ་ (Maryse larche Mele) ལགས་རྣམ་གཉིས་གདན་ཞུས་ཀྱིས་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཐོག་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་ཡོད་པས། ཚང་མས་ཐུགས་སྣང་གནང་ནས་ལེགས་ཆ་ལེན་ཐུབ་པ་ཞིག་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་ཐབས། དེའི་སྐབས་ཚང་མས་གུ་ཡངས་པོའི་ཐོག་ནས་བོད་པའི་སྤྱི་ཚོགས་ཡིན་ནའང་འདྲ། ཆབ་སྲིད་ཀྱི་འཐབ་རྩོད་འབྲེལ་ལམ་ཐོག་ལ་ཡིན་ནའང་འདྲ། ལས་དོན་བྱེད་ཕྱོགས་བཅས་ཚང་མའི་ཐོག་ལ། ལས་རིམ་དེའི་ཐོག་ནས་ལེགས་ཆ་གང་ལེན་རྒྱུའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་པ་དང་།
རྒྱ་གར་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པའི་གྲོས་ཚོགས་འཐུས་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊ་པིར་ གྷའོ་མཆོག་གིས་གཙོ་བོ་གསུང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་རྒྱལ་ཁབ་ནི་བོད་མི་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་དམར་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐོག་ངན་བྱུས་འདིང་བཞིན་པ་དང་། བོད་ནང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་གཏོང་བཞིན་པར་ཐུགས་འཚབ་ཡོད་སྐོར། བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་རྩ་དོན་སྒྲུབ་བཞིན་པར་རྒྱལ་སྤྱིའི་ཐོག་ནས་ཆེ་མཐོང་ངོས་འཛིན་གནང་དགོས་སྐོར་སོགས་གསུངས་སོང་།
དེ་རྗེས་ཚོགས་ཐུན་གཉིས་པར། ནཱ་ལནྡྲ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ་དང་། རྒྱ་གར་རིག་གཞུང་ལྷན་ཚོགས་ (ICCR) ཡི་ཚོགས་གཞོན་ཟུར་པ་ལྕམ་སྐུ་སུ་ནཱེ་ན་ སིངྒ་ (Prof. Sunaina Singh) མཆོག་གིས་ “བློ་འདོན་ལྟེ་གནས་ཁང་དང་།ཤེས་ཡོན་བསྟི་གནས་ཁག་གི་ནང་བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན།
ཚོགས་ཐུན་གསུམ་པར། རྒྱ་གར་གཞུང་ཚབ་ཟུར་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Amb. Dilip Sinha) མཆོག་གིས་ “རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་གནད་དོན་གོང་མཐོར་གཏོང་ཐབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན།
ཉིན་རྒྱབ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྩོད་རྙོག་སེལ་ཐབས་སྐོར་ལ་གསུངས་གནང་ཡོད་པ་བཅས། །