༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་ནི་ཐར་ལན་ཌི་རྒྱལ་ཁབ་ནང་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༢ པའི་ཚེས་ ༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཡུ་རོབ་རྒྱལ་ཁབ་ནི་ཐར་ལན་ཊིར་ཕེབས་ཐོན་གྱིས་དེ་གའི་རྒྱལ་ས་ཨེམ་སི་ཊར་ཌེམ་ (Amsterdam) གནམ་ཐང་དུ་ཕེབས་འབྱོར་མཚམས། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བྱམས་པ་ལགས། ས་གནས་བོད་རིགས་ཚོགས་པ་ཁག་གི་རྒྱུན་ལས་དང་འབྲེལ་ཡོད་ཁག་ཅིག་ནས་ཕེབས་བསུ་ཞུས་གནང་འདུག
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ པའི་ཐོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་དེ་གའི་ལས་བྱེད་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་ཉམ་ཆུང་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་གནད་འགག་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱལ་ཁབ་དེ་དག་ལ་རྒྱབ་སྐྱོར་གནང་མ་ཐུབ་པར། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཀྱི་ལག་ཆ་ལྟ་བུར་འགྱུར་བ་ཡིན་ན། ཚོགས་པ་བཙུགས་པའི་དམིགས་ཡུལ་མ་འགྲུབ་པའི་གནས་སྟངས་ལྟ་བུ་ཆགས་ཀྱི་ཡོད་པའི་སྐོར་ལ་གསུངས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་ནག་དམར་གཞུང་གིས་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཞིབ་འཇུག་སླད་རྟོག་ཞིབ་ཚོགས་ཆུང་ཞིག་ངེས་པར་དུ་བོད་ནང་གཏོང་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ཁོང་རྣམས་ཀྱིས་ད་ལན་གྱི་མཇལ་འཕྲད་ཡག་པོ་བྱུང་བ་དང་། བོད་དོན་ཐོག་ཐུགས་སྣང་བྱེད་ཀྱི་ཡིན་པའི་སྐོར་རྗེས་སུ་ཡིག་ཆུང་ཞིག་བཏང་འདུག
སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ནི་ཐར་ལན་ཌི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་གི་སྡེ་ཚན་གྱི་སྲིད་བྱུས་འགན་འཁུར་བ་རྒན་པ་ལྕམ་སྐུ་ཀིམ་ པི་ཊར་ (Ms Kim Peters) མཆོག་དང་། འགྲོ་བ་མིའི་ཐོབ་ཐང་དང་ཕྱི་སྲིད་ལས་ཁུངས་ཀྱི་སྲིད་བྱུས་འགན་ཁུར་བ་ལྕམ་སྐུ་མཱ་རིསི་ཀ་ མེ་ཇར་ཧོབ་ (Ms Mariska Meijerhof) མཆོག་རྣམ་གཉིས་དང་ལྷན་དེ་གའི་ཚོགས་ཆུང་ཚོགས་སའི་ལས་ཁུངས་སུ་མཇལ་འཕྲད་གནང་ཞིང་། དེའི་སྐབས་སྤྱི་འཐུས་རྣམ་པ་གཉིས་ནས་ཆུ་ཚོད་གཅིག་གི་རིང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གི་གནས་བབ་སོགས་ཀྱི་ཐོག་འགྲེལ་བརྗོད་ཞུས་པ་དང་། ཁོང་རྣམ་པས་ཐུགས་སྣང་ཆེན་པོའི་ཐོག་བོད་ནང་གི་གནས་སྟངས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད། པཎ་ཆེན་རིན་པོ་ཆེའི་གནས་སྟངས་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་རྗེས། ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་དང་། ལྷག་པར་དུ་ཞུ་སྐུལ་སྙན་ཞུ་ཕུལ་བའི་དོན་ཚན་ཁག་གི་ཐོག་ལག་བསྟར་གནང་རྒྱུའི་ཞལ་བཞེས་གནང་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་དང་བསྟུན། ནི་ཐར་ལན་ཌིའི་རྒྱལ་ས་ཨེམ་སི་ཊར་ཌེམ་གྱི་ (Dam Square) མདུན་ཐང་དུ་རྒྱ་ནག་དམར་གཞུང་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་བོད་དང་། ཡུ་གུར། ཧོང་ཀོང་། ལྷོ་སོག་པོ་བཞི་མཉམ་འབྲེལ་གྱི་ཐོག་ནས་ཞི་རྒོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ནི་ཐར་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བྱམས་པ་ལགས་བཅས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་དང་། དེ་བཞིན་ཡུ་གུར་དང་། ཧོང་ཀོང་། ལྷོ་སོག་པོ་སོགས་ཀྱི་ལས་སྣེ་རྣམ་པ་བཅས་ཀྱིས་ཀྱང་གསུང་བཤད་གནང་རྗེས། ཞི་རྒོལ་གྱི་འབོད་སྒྲ་སྒྲོག་པ་དང་། རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད་འདུག་པ་བཅས། །