༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ལོ་གཉིས་དང་ཕྱེད་ཕྱི་མའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་བྱ་ཡུལ་ཆ་བགོས་ལྟར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༦ ནས་ཟླ་བ་ ༡༢ ཚེས་ ༣ བར་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་བདེ་སྐྱིད་གླིང་གཞིས་ཆགས་དང། དོན་གྲུབ་གླིང་། ཚེ་རིང་དོན་ལྡན་གླིང། ར་ཇ་སྤུར། གླིང་ཚང་། མ་སུ་རི། ན་ནཱི་ཏལ་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་དང་། གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་སྐབས་སྡེ་ར་སྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་མཉམ་བཅར་ཞུས་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཐོག་མར་དཔལ་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་ཆོས་གླིང་དགོན་པར་མཆོད་མཇལ་དང་། དེ་ནས་མངོན་དགའ་སློབ་གྲྭ་དང་། སྲོང་བཙན་དཔེ་མཛོད་ཁང་། བདེ་སྐྱིད་གླིང་སློབ་གྲྭ་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་ལས་ཁུངས་དང། ས་གནས་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ཁྲིམས་ཞིབ་ཁང་བཅས་སུ་གཟིགས་སྐོར་གནང་རྗེས། བདེ་སྐྱིད་གླིང་པོ་ཏ་ལ་ཚོགས་ཁང་དུ་བདེ་སྐྱིད་གླིང་གཞིས་ཆགས་དང་། དགེ་འཕེལ་གླིང་གཞིས་ཆགས་གཉིས་ཀྱི་མི་མང་རྣམས་འདུ་འཛོམས་ཐོག སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་དང་བོད་ནང་གི་ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་དང་། ཚོགས་ཞུགས་མི་མང་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་མ་སུ་རི་སཾ་བྷོ་ཊ་སློབ་གྲྭ་དང་། བོད་ཁྱིམ་སློབ་གྲྭ་གཉིས་ལ་གཟིགས་སྐོར་རྟོག་ཞིབ་གནང་རྗེས། མ་སུ་རི་བོད་ཁྱིམ་ཚོགས་ཁང་ནང་དེ་གའི་དགེ་རྒན་ལས་བྱེད་དང་། འཛིན་གྲྭ་བརྒྱད་པ་ཡན་གྱི་སློབ་ཕྲུག མ་སུ་རི་སཾ་བྷོ་ཊ་སློབ་གྲྭའི་དགེ་རྒན་ལས་བྱེད་དང་སློབ་ཕྲུག་བོད་པ་གྲངས་ ༤༠ ཙམ་འདུ་འཛོམས་ཐོག སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་གསལ་བརྗོད་གཞི་ཁག་དང་། སློབ་གསོ་དང་ཤེས་ཡོན་གྱི་གལ་གནད་སྐོར་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༣།༠༠ པ་ཙམ་ལ་མ་སུ་རིར་གནས་སྡོད་ཁ་འཐོར་མི་མང་རྣམས་ཐུག་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་ (Sakya Centre) ལ་མཆོད་མཇལ་དང་། ཆུ་ཚོད་ ༩།༢༤ ཐོག་ར་ཇ་སྤུར་བུད་མེད་མཉམ་ལས་དང་། ར་ཇ་སྤུར་ཁ་འཐོར་མི་མང་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད། ཆུ་ཚོད་ ༡༡།༣༠ ཐོག་ར་ཇ་སྤུར་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་རྟོག་ཞིབ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ནས་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་གཟིགས་སྐོར་དང་དེ་གའི་མང་ཚོགས་ལ་གསུང་བཤད་གནང་འདུག
ཕྱི་ཚེས་ ༢༩ ཉིན་ན་ནཱི་ཏལ་ལ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ནེ་ནཱི་ཏལ་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད། ཕྱི་དྲོ་ཆུ་ཚོད་ ༢།༠༠ པ་མ་ཟིན་ཙམ་ལ་ས་གནས་ཀྱི་ཁྲོམ་སར་གཟིགས་སྐོར་རྟོག་ཞིབ་གནང་འདུག
ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སྔ་དྲོ་དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་བཀྲ་ཤིས་འཁྱིལ་དགོན་པ་དང་། སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། དཔལ་བདེ་ཆེན་ཆོས་འཁོར་གླིང་བཅས་སུ་མཆོད་མཇལ་ཞུས་རྗེས། དོན་གྲུབ་གླིང་གཞིས་ཆགས་དང་། རབ་བརྟན་གླིང་གཞིས་ཆགས་ཀྱི་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། ཉིན་རྒྱབ་ཆུ་ཚོད་ ༣།༠༠ པའི་ཐོག་གླིང་ཚང་གཞིས་ཆགས་སུ་གཟིགས་སྐོར་རྟོག་ཞིབ་དང་། དགོན་སྡེ་ཁག་ལ་མཆོད་མཇལ། ས་གནས་མི་མང་རྣམས་ལ་གོང་བཞིན་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
ཕྱི་ཟླ་ ༡༢ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྡེ་ར་སྡུན་ས་གནས་ཀྱི་ལས་སྣེ་གནད་ཡོད་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་རྗེས། ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ལེགས་པར་གྲུབ་ཡོད་པ་བཅས། །