༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་པདྨ་མཚོ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༢༡ ནས་ ༢༥ བར་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་གཉིས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་འཐུས་རྣམ་པ་གཉིས་ནས་ཅན་ཌར་པུར་སུད་ཚོང་ཁྲོམ་སའི་ནང་དུ་བོད་མི་སུད་ཚོང་བ་རྣམས་དང་ལྷན་ཐུག་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་ཆེད་བསྐྱངས་དང་སྐྱོང་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་དང་། ཨ་རིའི་སྲིད་གཞུང་གསར་པ་ཕེབས་ལ་ཉེ་བའི་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་གནང་བཞིན་ཡོད་པའི་སྐོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འབྱུང་རིམ་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་སྐོར།
དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༣ ནས་ ༡༥ བར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཐབས་བྱུས་ཚོགས་འདུ་དང་། རྒྱ་གར་དགུན་དུས་ཀྱི་གྲོས་ཚོགས་དང་བསྟུན་ཕྱི་ཚེས་ ༡༦ ནས་ ༡༨ བར་སྤྱི་འཐུས་རྣམ་པ་ཚོགས་ཆུང་ ༦ ལ་ཆ་བགོས་ཀྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བའི་སྐོར། འཆར་ལོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཉི་འོང་གི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་གཏན་འཁེལ་ཡོད་པ། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ངེས་པར་དུ་སོ་སོའི་སྐད་ཡིག་རིག་གཞུང་དང་། ཡ་རབས་བཟང་སྤྱོད་རྣམས་རྒྱུན་སྐྱོང་གནང་གལ་ཆེ་བའི་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བཅས་གྲུབ་རྗེས། སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ། ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཡོལ་ཙམ་ལ་སྦན་རྡ་ར་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། དེའི་སྐབས་ས་གནས་འགོ་འཛིན་དངོས་གྲུབ་བཟང་པོ་ལགས་ཀྱིས་གཙོས་པའི་ས་འཐུས་དང་མཉམ་འབྲེལ། སྤྱི་མི་བརྒྱ་དཔོན་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག
ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་གོང་འོག་གཉིས་དང་། དགོན་པ་གཉིས། རྒས་གསོ་ཁང་། སློབ་གྲྭ། གངས་ལྗོངས་ནོར་འབྲས་བཟོ་གྲྭ། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ། རང་བདེན་ཚོགས་ཆུང་། ས་གནས་འཕྲོད་བསྟེན་དང་སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་གཞིས་ཆགས་ཀྱི་གྲོང་སྡེ་གོང་འོག་གཉིས་ཀྱི་མི་མང་རྣམས་འདུ་འཛོམས་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
དེ་ཉིན་ཕྱི་དྲོར་སྦེ་ལའེ་གྲོང་ཁྱེར་དུ་ཕེབས་ཐོན་གྱིས་དགོང་མོ་ཆུ་ཚོད་ ༧།༣༥ ཙམ་ལ་ཆ་ཏི་སི་གྷར་མངའ་སྡེའི་ས་མཚམས་སུ་ཕེབས་འབྱོར་མཚམས། མན་སྤར་ས་འགོ་ལས་ཁུངས་ཀྱི་ལས་དྲུང་ཚེ་དཔལ་ལགས་དང་། སྦེ་ལའེ་སུད་ཚོང་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས། ས་འགོ་ལས་ཁུངས་ཀྱི་ཁ་ལོ་བ་ཐུབ་བསྟན་ལགས་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། དགོང་མོའི་ཆུ་ཚོད་ ༨།༠༠ ཙམ་ལ་སྦེ་ལའེ་རུ་ཕེབས་འབྱོར་བྱུང་འདུག
ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་སྦེ་ལའེ་སུད་ཚོང་བོད་མིའི་ཁྲོམ་རར་གཟིགས་སྐོར་དང་། མི་མང་ལ་གསུང་བཤད་གནང་རྗེས། རཡེ་པུར་ལ་ཕེབས་ཐོན་གནང་ཞིང་། ཉིན་གུང་ཆུ་ཚོད་ ༡།༠༠ ཡོལ་ཙམ་ལ་རཡེ་པུར་བོད་མིའི་ཁྲོམ་སར་ཕེབས་འབྱོར་བྱུང་བ་དང་། ཁྲོམ་ས་དེར་ཁྱིམ་ཚང་ ༨ ལས་མེད་ཀྱང་ཚང་མ་འཛོམས་པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་། དེ་རྗེས་སྦི་ལ་སི་པུར་ལ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༧།༠༠ མ་ཟིན་ཙམ་གྱི་ཐོག་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་འདུག
ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྦག་སྦག་སྐོར་བསྐྱོད་གནང་མཁན་བསླེབས་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་གཞོན་ལྷན་དབུས་སྤྱི་ཁྱབ་ཚོགས་གཙོ་ལས་བྱེད་གཙོས་པའི་སྦག་སྦག་སྐོར་བསྐྱོད་པ་རྣམས་ལ་ཐུག་འཕྲད་ཀྱིས་འཚམས་འདྲི་ཞུས་པ་དང་། དེ་ནས་སྦི་ལ་སི་པུར་སུད་ཚོང་ཁྲོམ་རར་གཟིགས་སྐོར་དང་། སུད་ཚོང་མི་མང་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྗེས། མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་དྲོའི་ཆུ་ཚོད་ ༥།༠༠ མ་ཟིན་ཙམ་ལ་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་མན་སྦར་ཕན་བདེ་གླིང་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་དང་། ས་གནས་འཐུས་ཚོགས། ས་གནས་མཉམ་འབྲེལ། ས་གནས་འཕྲོད་བསྟེན། རང་བདེན་ཚོགས་ཆུང་བཅས་ཀྱི་ཚོགས་གཙོ་ཚོགས་གཞོན་སོགས་ནས་ཕེབས་བསུ་ཞུས་གནང་འདུག
ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་ས་གནས་ཀྱི་དགོན་ཁག་བཞི་ལ་མཆོད་མཇལ་དང་། དེ་བཞིན་གཞིས་ཆགས་ལས་ཁུངས་དང་། མཉམ་འབྲེལ། ས་འཐུས། འཕྲོད་བསྟེན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང། རྒན་གསོ་ཁང་། སློབ་གྲྭ་སོགས་སུ་གཟིགས་སྐོར་དང་། ཉིན་རྒྱབ་ས་གནས་མང་ཚོགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གནས་དགོས་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པས་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འབྱུང་རིམ་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གནང་ཕྱོགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་དང་། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་ཐབས་བྱུས་ཚོགས་འདུ་དང་། རྒྱ་གར་གྱི་དགུན་དུས་གྲོས་ཚོགས་དང་བསྟུན་བོད་དོན་ཞུ་སྐུལ་གནང་བའི་ལས་རིམ་སྐོར་དང་། ནང་སྲིད་ལས་ཁུངས་ཀྱི་གཞིས་ཁང་གསར་རྒྱག་གི་ལས་གཞིའི་ཁྲོད་མན་སྤར་གཞིས་ཁོངས་སུ་ཁྱིམ་ཚང་ ༥༤ ལ་ས་ཁང་རྒྱན་བརྒྱབ་ཟིན་པ་ལྟར། མ་འོངས་པར་གཞིས་ཁོངས་སུ་གཞིས་མི་གསར་པ་བསླེབས་དུས་རོགས་ཕན་གང་ཡོང་གནང་གལ་ཆེ་བའི་སྐོར་སོགས་ཀྱི་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་གཞིས་གྲོང་བདུན་གྱི་ནང་གཟིགས་སྐོར་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པ་ནས་ཇ་པལ་པུར་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས། །