༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཟུར་པ་ཆོས་རྗེ་སྒ་ཨ༔དབྱང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༦ ཉིན་རིན་པོ་ཆེ་མཆོག་གི་བླ་བྲང་དང་། སློབ་ཚོགས་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་དྲུག་པའི་བཀའ་བརྒྱུད་སྤྱི་འཐུས་ཀྱི་ལས་འཁུར་བཞེས་མྱོང་མཁན་སྤྱི་ཟུར་ཆོས་རྗེ་སྒ་ཨ༔དབྱང་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་མའི་སོར་སྨན་ཁང་དུ་དགོངས་པ་ཞི་བར་གཤེགས། རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་འདིས་བསྟན་འགྲོ་སྤྱི་དང་། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆགས་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན་པ་མ་ཟད། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་ཅིང་། དམ་པ་གང་གི་བླ་བྲང་དང་། སློབ་ཚོགས་ལྟོས་བཅས་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་གནས་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ། སྐྱེས་བུ་དམ་པའི་མཛད་པ་གདུལ་བྱ་ཆོས་ཕྱོགས་ལ་སྐུལ་བ་མཁྱེན་ཆུབ་ལྟར། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་དྲུག་པའི་མཛད་འགན་མཐའ་འཁྱོངས་བཞེས་ཐོག་བོད་བསྟན་སྲིད་མི་རིགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཞི་བར་གཤེགས་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་། བླ་བྲང་དང་སློབ་ཚོགས་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས། །
གསར་གནས།
འབྲེལ་གནས།