༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༦ ནས་ ༣༡ བར་ཧར་ཡ་ནའི་སོ་ནི་པཊ་ཁུལ་གྱི་རཡེ་རུ་ཡོད་པའི་ཧར་ཡ་ན་རྩེད་རིགས་གཙུག་ལག་སློབ་ཆེན་དུ་རྒྱལ་ཡོངས་ཚན་རིག་དང་། ཨང་རྩིས། ཁོར་ཡུག་འགྲེམས་སྟོན་ (Rashtriya Bal Vaigyanik Pradarshani) ཐེངས་ ༥༡ ཚོགས་ཡོད་པ་དེ་ནི་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་(NCERT) དང་། ཧར་ཡ་ནའི་སློབ་གྲྭའི་ཤེས་ཡོན་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན།
འགྲེམས་སྟོན་འདིའི་ནང་མངའ་སྡེ་ ༢༩ དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་དབུས་རྡུལ་ཕྲན་ནུས་ཤུགས་སློབ་གྲྭ་ (Atomic Energy Central School) དབུས་གཞུང་གི་སློབ་གྲྭ་ (Kendriya Vidyalaya, Navodaya Schoo) སོགས་ནས་འགྲེམས་སྟོན་པ་ ༤༠༠ ལྷག་གི་འགྲེམས་གཟུགས་ ༡༨༥ ལྷག་དང་། འགྲེམས་སྟོན་གཟིགས་ཞིབ་ལ་ཧར་ཡ་ན་མངའ་སྡེའི་སློབ་ཕྲུག་ཁྲི་གཅིག་ལྷག་ཕེབས་ཡོད་འདུགའགྲེམས་སྟོན་དེ་ནི་ཧར་ཡ་ནའི་སྤྱི་ཁྱབ་ཤྲི་བནྡ་རུ་དཏྟཏྲ་ཡ་ (Bandaru Dattatraya) ལགས་དང་། ཧར་ཡ་ནའི་སློབ་གྲྭ་དང་མཐོ་རིམ་ཤེས་ཡོན་བློན་ཆེན་ཤྲི་མ་ཧི་པལ་དྷནྡ་(Mahipal Dhanda) ལགས། དེ་བཞིན་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་འགན་འཛིན་སློབ་དཔོན་དི་ནེཤ་པྲ་སད་ས་ཀླ་ནི་ (Dinesh Prasad Saklani) ལགས་བཅས་ཀྱིས་དབུ་འབྱེད་གནང་ཡོད། མཛད་སྒོའི་སྐབས་སུ་ཚན་རིག་པ་དང་སློབ་དཔོན་སྙན་གྲགས་ཅན་གྱི་གཏམ་བཤད་དང་། ཤེས་ཡོན་ལྟ་སྐོར་སོགས་བྱེད་སྒོ་སྣ་ཚོགས་ཚོགས་དང་། ཉིན་གཉིས་པར་སྲིད་བློན་ཟུར་པ་སློབ་དཔོན་མན་མོ་ཧན་སིངྒ་མཆོག་གི་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་མཚོན་ཆེད་རིག་གཞུང་འཁྲབ་སྟོན་རྣམས་མེད་པར་བཟོས་འདུག
མཇུག་བསྡོམས་མཛད་སྒོར་ (CBSE/NCERT) ཤེས་ཡོན་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་པན་ཀཇ་ཨག་གར་ཝལ་ (Pankaj Aggarwal) ལགས་དང་། ཧར་ཡ་ནའི་འབྲིང་རིམ་ཤེས་ཡོན་དབུ་འཛིན་ཤྲི་ཇི་ཏེན་དྲ་ཀུ་མར་ (Sri Jitendra Kumar) ལགས། དེ་བཞིན་ (NCERT) ཚན་རིག་དང་རྩིས་རིག་ཤེས་ཡོན་ལས་ཁང་གི་འགནའཛིན་སློབ་དཔོན་སུ་ནི་ཏ་ཕར་ཀྱ་ (Sunita Farkya) ལགས་བཅས་ཕེབས་ཡོད།
འགྲེམས་སྟོན་འདིའི་བརྗོད་གཞི་གཙོ་བོ་ནི་ “སྤྱི་ཚོགས་ཆེད་ཚན་རིག་དང་འཕྲུལ་རིག”ཅེས་པ་ཡིན་ཞིང་། དེའི་ཁོངས་འཕྲོད་བསྟེན་ (འཕྲོད་བསྟེན་གསར་གཏོད་ཐོག་དམིགས་པ།) འཚོ་བ་ (ཁོར་ཡུག་དང་འཚོ་བ།) རྒྱུན་གནས་ཐུབ་པའི་འཚོ་བ་གོང་འཕེལ་གཏོང་བ། ཞིང་ལས་ (ཞིང་ལས་དང་བཟའ་བཅའི་བདེ་འཇགས་ཡར་རྒྱས།) འབྲེལ་ལམ་དང་འགྲིམ་འགྲུལ་ (མ་འོངས་པའི་འགྲུལ་བཞུད་བསམ་བློ་མཚོན་པ།) རྩིས་འཕྲུལ་བསམ་བློ་ (འཕྲུལ་ཆས་བརྒྱུད་དཀའ་ངལ་སེལ་ཐབས་གཙོ་འདོན་) (བཅས་ཡིན། རྒྱ་གར་རྒྱལ་ཡོངས་ནས་ཕེབས་པའི་སློབ་ཕྲུག་གི་འགྲེམས་གཟུགས་མང་པོས་མཉམ་ལས་དང་གསར་གཏོད་ཀྱི་སྡིངས་ཆ་བསྐྲུན་ཡོད།བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱལ་ཡོངས་འགྲེམས་སྟོན་མ་ཚོགས་གོང་དུ་ (NCERT) ཡིས་མཁོ་སྤྲོད་བྱས་པའི་བརྗོད་གཞིའི་ཐོག་སློབ་གྲྭ་སོ་སོའི་ནང་སྔོན་འགྲོའི་སློབ་གྲྭའི་རིམ་པའི་འགྲེམས་སྟོན་བསྐོང་ཚོགས་དང་། དེ་ནས་མཆོག་ཏུ་གྱུར་པའི་འགྲེམས་གཟུགས་རྣམས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ནང་ཚོགས་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཚན་རིག་དང་། ཨང་རྩིས། ཁོར་ཡུག་འགྲེམས་སྟོན་ཐེངས་བདུན་པའི་ཆེད་འདེམས་སྒྲུག་བྱས་པ་དང་། དེའི་ནང་ནས་མཆོག་གྱུར་འགྲེམས་གཟུགས་གྲངས་ ༡༢ རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ལ་ཕུལ་བ་དང་། ལྷན་ཚོགས་ནས་རྒྱ་གར་མངའ་སྡེ་གཞན་དང་གཅིག་མཚུངས་ཀྱིས་རྩེ་ཕུད་འགྲེམས་གཟུགས་རྣམས་འདེམས་སྒྲུག་གནང་བ་བཞིན་རྒྱལ་ཡོངས་འགྲེམས་སྟོན་ནང་འཛུལ་ཞུགས་གནང་བཞིན་ཡོད་འདུག སྐབས་ ༥༡ པའི་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་ནང་བོད་པའི་སློབ་ཁག་ནས་འགྲེམས་གཟུགས་ལྔ་འདེམས་སྒྲུག་བྱུང་བ་དང་། དེའི་ནང་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་ཕྲུག་དྲུག་གི་འགྲེམས་གཟུགས་གསུམ་དང་། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ་ཀྱི་སློབ་ཕྲུག་གསུམ་གྱི་འགྲེམས་གཟུགས་གཉིས་གཟེངས་སུ་ཐོན་པའི་ངང་རྒྱལ་ཡོངས་རིམ་པའི་ནང་བོད་པའི་སློབ་གྲྭའི་ནུས་པ་མཚོན་ཡོད། འགྲེམས་སྟོན་འདིས་མཉམ་ལས་དང་ཤེས་ཡོན་བརྗེ་ལེན་ལ་སྐུལ་མ་བྱས་ཏེ་སློབ་ཕྲུག་ཚོའི་གསར་གཏོད་དང་དཀའ་ངལ་སེལ་ཐབས་ཀྱི་ནུས་པ་གོང་འཕེལ་བཏང་ཡོད།
ལས་རིམ་འདིས་རྒྱ་གར་ཡུལ་གྱི་ས་ཁུལ་འདྲ་མིན་ནས་ཡོང་བའི་སློབ་ཕྲུག་དང་ལྷན་བོད་པའི་སློབ་ཕྲུག་ཚོར་རང་གི་ཚན་རིག་གི་ནུས་པ་སྟོན་རྒྱུ་དང་། དོན་སྙིང་ལྡན་པའི་ཤེས་ཡོན་བརྗེ་ལེན། ཚན་རིག་དང་འཕྲུལ་རིག་གི་ནུས་པར་ངེས་ཤེས་ཀྱི་གོ་སྐབས་བཟང་པོ་ཞིག་ཀྱང་བསྐྲུན་ཡོད། །