༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར་ཨ་རིའི་མངའ་སྡེ་ནིའུ་མེཀ་སི་ཁོའི་གྲོང་ཁྱེར་སེན་ཊ་ཕེ་དང་། ཡུ་ཊའི་གྲོང་ཁྱེར་སོལཊ་ལེཀ་སི་ཊི། ཨོ་རི་གོན་མངའ་སྡེའི་གྲོང་ཁྱེར་པོཊ་ལེནྜ་བཅས་སུ་ཕེབས་ཏེ་ཁུལ་དེ་དག་གི་གཞོན་སྐྱེས་དང་། བོད་རིགས་མཐུན་ཚོགས་དང་ལྷན་མཇལ་མོལ་གྱིས་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ནིའུ་མེཀ་སི་ཁོའི་གྲོང་ཁྱེར་སེན་ཊ་ཕེ་རུ་ཕེབས་འབྱོར་གྱིས་ས་གནས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། རང་བཙན་ཐབས་རྩོད་པ་རྣམས་ཀྱི་ལྟ་བ་ལངས་ཕྱོགས་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་རྩོད་པ་ལས་གྲུབ་འབྲས་བཟང་པོ་ཞིག་ཐོན་རྒྱུ་མེད་པས་ཚང་མས་མཉམ་རུབ་ཐོག་བོད་དོན་ཐོག་འབད་བརྩོན་གནང་དགོས་གལ་ཡིན་ཞེས་གསུངས།ཕྱི་ཚེས་ ༡༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་ཊ་མངའ་སྡེའི་གྲོང་ཁྱེར་སོལཊ་ལེཀ་སི་ཊི་རུ་ཕེབས་འབྱོར་སྐབས་ཡུ་ཊའི་མི་མང་ཚོགས་ཁང་དུ་བོད་མི་གཞོན་སྐྱེས་དང་། ས་གནས་མི་མང་རྣམས་ལ་ལོགས་སུ་གསུང་བཤད་གནང་ཡོད། སྐབས་དེར་གོར་མོ་སྤྲུལ་སྐུ་མཆོག་དང་། ཕྱག་མཛོད་ཚང་སྲས་མོ་མཁའ་འགྲོ་ལགས་ལགས། སྤྱི་ཟུར་པདྨ་ཕྱག་མཛོད་ཚང་ལགས་བཅས་ཕེབས་ཞུགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཚོར་ཞུ་གཏུག་ཉིན་མོ་ཞེས་པའི་ལས་འགུལ་དེར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་དང་སྦྲགས། བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། སློབ་དཔོན་ལའོ་ཡི་ཕྱག་དེབ་བཅས་ངོ་སྤྲོད་གནང་ཡོད།ཕྱི་ཚེས་ ༡༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་པོརཊ་ལེནྜ་དུ་ཕེབས་འབྱོར་གྱིས་ཕྱི་དྲོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་ལྷན་བྱང་ཆུབ་མཆོད་རྟེན་དུ་སྐོར་བ་ཕེབས་རྗེས་མི་མང་ཚོགས་ཁང་དུ་བོད་མི་རྣམས་ལ་གསུང་བཤད་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་ཕེབས་པ་དང་། གཞོན་སྐྱེས་མང་དག་ཅིག་ལ་སྙན་གྲགས་ཆེ་བའི་སྲིད་འཛིན་གྱི་དང་བླངས་ཞབས་ཞུའི་གཟེངས་རྟགས་ (President’s Volunteer Service Award) ཕུལ་ཡོད། གཟེངས་རྟགས་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༣ ལོར་སྲིད་འཛིན་ལྷན་ཁང་གི་ཞབས་ཞུ་དང་། སྤྱི་ཚོགས་མཉམ་ཞུགས་ཞེས་པའི་ལྷན་ཚོགས་ ( President’s Council on Service and Civic Participation in) ཀྱིས་དབུ་འཛུགས་གནང་ཞིང་། དེས་སྤྱི་ཚོགས་ནང་དང་བླངས་ཞབས་འདེགས་ཞུ་མཁན་རྣམས་ལ་ཆེས་བསྟོད་གཟེངས་རྟགས་ཕུལ་གྱི་ཡོད་པ་རེད།
ཕྱི་ཚེས་ ༢༠ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤིད་ཀྲོན་གྱི་གྲོང་ཁྱེར་སི་ཡ་ཊལ་དུ་ཕེབས་ཐོན་གནང་ཡོད་པ་བཅས།།