༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༦ ཉིན་ཀངྒ་ར་རྫོང་དཔོན་དང་། གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན། ཤིང་ནགས་ལས་ཁུངས་ཀྱི་ལས་བྱེད། མི་མང་ལས་དོན་ལྷན་ཁང་གི་ལས་བྱེད། མེག་གྷན་ས་གནས་ཉེན་རྟོག་པའི་འགན་འཛིན་བཅས་ཀྱིས་མེག་གྷན་ནང་འགྲོ་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་རྟོག་ཞིབ་སྐབས་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ལྷན་བཅར་གནང་ཡོད།
སྐབས་དེར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་འགྲིམ་འགྲུལ་དཀའ་ངལ་དང་། འགྲོ་ལམ་གནོད་སྐྱོན། དེ་བཞིན་སྲང་ལམ་དུ་གློག་གི་དཀའ་ངལ་སོགས་ཀྱི་སྐོར་སྙན་སེང་ཞུས་པར་རྫོང་དཔོན་གཞོན་པས་འབྲེལ་ཡོད་ཚན་པ་ཁག་ལ་གནད་དོན་དེ་དག་ཐོག་གང་མགྱོགས་ཐབས་ལམ་འདོན་རྒྱུའི་ལམ་སྟོན་གནང་ཡོད།
གཞན་ཡང་གཟིགས་སྐོར་གནང་གྲུབ་མཚམས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་དཔོན་རིགས་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྒོར་གདན་ཞུས་ཀྱིས་གླ་འཁོར་འཇོག་སའི་ས་ཆའི་དཀའ་ངལ་སྐོར་གླེང་སློང་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཁོར་དང་། གནད་ཡོད་མི་སྣའི་ཕེབས་སྐྱེལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་།
རྗོང་དཔོན་མཆོག་གིས་གྲོང་སྡེ་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཉེ་འགྲམ་དུ་གླ་འཁོར་འཇོག་ས་ཟུར་དུ་འཛུགས་སྐྲུན་བྱ་རྒྱུའི་ལམ་སྟོན་གནང་བ་མ་ཟད། ས་གནས་འགོ་འཛིན་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༥ ནང་ཚུད་ལས་གཞི་འདིའི་འཆར་འགོད་ཞིབ་ཕྲ་ཞིག་འབུལ་དགོས་པའི་བཀོད་མངགས་གནང་ཡོད་པ་བཅས།།