༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྲིད་བྱུས་དང་ཐབས་བྱུས་ནང་མ་འོངས་བོད་ཀྱི་གནས་སྟངས། ཞེས་པའི་གླེང་སྟེགས་ཐོག་ཕེབས་ཞུགས་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རི་ཅཊ་གྷེ་རི་ལགས་རྣམ་གཉིས་ནས་བརྗོད་གཞི་དེ་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད།
གཞན་ཡང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་མཆོག་ཀྱང་ཕེབས་ཞུགས་ཀྱིས་ཁོང་མོའི་སྲིད་གཞུང་ངོས་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། དོན་སྙིང་ལྡན་པའི་བོད་རང་སྐྱོང་ཞིག་ཡོང་བ་དང་། བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་། ཆོས་ལུགས་དང་སྐད་ཡིག་བཅས་ལོངས་སུ་སྤྱོད་ཐུབ་པ་ཞིག་བཟོ་ཐུབ་པར་ད་དུང་ཡང་བྱ་བ་སྒྲུབ་རྒྱུ་རིམ་པ་མང་དག་ཅིག་ལྷག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་གསུངས་པ་དང་། མ་འོངས་པར་ཞི་བདེ་དང་། བདེ་སྐྱིད་ལྡན་པའི་མཛམ་གླིང་ཞིག་བསྐྲུན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དྲན་པའི་ཐོག་འབད་བརྩོན་བྱ་དགོས་གལ་ཡིན་པ་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐོག་མར་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། སྐུ་ཞབས་རི་ཅཊ་གྷེ་རི་ལགས་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་རྣམས་ལ་རྒྱབ་སྐྱོར་གནང་མཁན་གྱི་ཀ་བ་གཉིས་ཞེས་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུཛ་ར་ཛེ་ཡ་མཆོག་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ངོས་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་མཛོད་བསྟི་གནས་ཁང་གི་གལ་གནད་སྐོར་ནན་བཤད་གནང་བ་དང་འབྲེལ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཝིལ་སན་བསམ་མཛོད་བསྟི་གནས་ཁང་དུ་ཕེབས་ཞུགས་གནང་བ་དང་། ཝིལ་སན་བསྟི་གནས་ཁང་གི་ཚོགས་གཙོ་དང་ཨ་རིའི་རོགས་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་མཱག་ཨཝ་གྷི་རིན་ལགས་ (Mark A. Green, President of the Wilson Center and former USAID Administrator) གཙོས་པའི་ཀོ་ལོམ་བྒི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨི་ཝན་དུཁ་མར་ཁེ་སི་། (H.E. Ivan Duque Marquez (Wilson Center Fellow and former President of Colombia) མཆོག ལྕམ་ཨི་ལི་ཡ་ན་ (Rep. Illeana Ros-Lehtinen (Wilson Center GAC and former Congresswoman) ལགས། སྐུ་ཞབས་ཨེ་ཌི་ཨེ་སི་ཝེ་ཌོ་(Mr. Eddy Acevedo (Wilson Center Chief of Staff & Senior Policy Advisor) ལགས། ལྕམ་ཇུ་ལི་ཝཌ་ལར་ (Ms. Julie Wadler (Wilson Center Development Director) ལགས། འབུམ་རམས་པ་རོ་བཊ་ཌ་ལི་ (Dr. Robert Daly (Director of the Wilson Center’s Kissinger Institute on China and the United States) ལགས། སྐུ་ཞབས་ཇོན་ཐོན་མ་ཇོག་ (Mr. John Thon Majok (Director of the Refugee and Forced Displacement Initiative) ལགས། ལྕམ་ཤི་ཧོ་ཀོ་གོ་ཏོ་ (Ms. Shihoko Goto (Director of the Wilson Center’s Indo-Pacific Program) ལགས། སྐུ་ཞབས་ལུ་ཀ་སི་མ་ཡ་སི་ (Mr. Lucas Myers (Senior Associate for the Indo-Pacific Program) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་འདུར་དབུ་བཞུགས་གནང་ཞིང་སྐབས་དེར་ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་སྐབས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐུགས་འགན་དེ་༸མགོན་པོ་གང་ཉིད་ཀྱི་སྐུ་སྒེར་ཡིག་ཚང་ཁོ་ནར་ཡོད་པ་འགྲེལ་བརྗོད་གནང་ཡོད། དེ་བཞིན་བཀའ་ཤག་གིས་ཀྱང་གནས་ཚུལ་གློ་བུར་བ་གང་ཡང་མི་ཡོང་བའི་ཆེད་དུ་གྲ་སྒྲིག་གི་ཡིག་ཆ་ཆ་ཚང་བ་ཞིག་བཟོས་ཡོད་སྐོར་གསལ་བཤད་གནང་ཡོད།
ཉིན་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྐུ་ཞབས་རི་ཅཊ་གྷེ་རི་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཕ་རན་ཛི་མཛ་ནར་ལགས་བཅས་ནས་བོད་རྒྱ་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདོན་གནང་མཁན་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེཕ་མ་ཀི་ལི་མཆོག་ལ་མཇལ་འཕྲད་ཀྱིས་བཀའ་དྲིན་རྗེས་དྲན་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།