
ཐོག་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ནས་ཚོགས་འདུའི་དགོས་དམིགས་དང་། བྱེ་བྲག་ཏུ་ཨ་རིའི་སྲིད་གཞུང་གི་ཆབ་སྲིད་འགྱུར་ལྡོག་སྐོར་འགྲེལ་བརྗོད་དང་སྦྲགས། ཡོང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྐབས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་མཉམ་རུབ་ཐོག་ལས་དོན་སྤེལ་དགོས་པའི་གལ་གནད་སྐོར་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་མང་གཙོ་ཐེབས་རྩ་ཁང་ (NED) ནས་བོད་དང་བོད་ཀྱི་འཐབ་རྩོད་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རིའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ཆེ་བསྟོད་ཀྱི་མཛད་སྒོ་འཚོག་འཆར་ཡོད་པའི་སྐོར་གསུངས། དེ་བཞིན་ལྕམ་ནེན་སི་པེ་ལོ་སི་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་དང་། དེ་མ་ཟད་བོད་མི་མང་གི་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་རང་ཉིད་ལའང་དེ་བཞིན་གྱི་གུས་བརྩི་དང་ངོས་འཛིན་གཅིག་མཚུངས་གནང་བཞིན་པ་དེ་༸གོང་ས་མཆོག་གི་བཀའ་དྲིན་དང་། མགོན་པོ་མཆོག་ལ་ཆེ་མཐོང་རེད་ཅེས་ནན་བརྗོད་གནང་ཡོད།

དེ་དང་ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་ཚོགས་པ་རྣམས་ནས་བོད་པའི་སྤྱི་ཚོགས་ཐོག་རྒྱུས་ལོན་ཡོད་པས་ཁྱིམ་མཐོ་ཞིབ་བཤེར་གྱི་ལས་གཞིར་གྲངས་ཐོ་བསྡུ་རུབ་ཆེད་མཐུན་འགྱུར་གནང་དགོས་གལ་སྐོར་གསུངས། དེ་ནས་ཁོང་གིས་དེང་དུས་ཀྱི་འཛམ་གླིང་དེར་དཔང་རྟགས་དང་། ཡིག་ཆ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བཤད་གནང་བ་དང་འབྲེལ། ཨ་རིའི་ནང་གི་བོད་རིགས་ཚོགས་པ་ཁག་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་༸སྐུ་ཉིད་ཁོ་ནར་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་དགོས་སྐོར་གྲོས་ཆོད་གཏན་འབེབས་གནང་དགོས་གལ་ཆེ་བའི་སྐོར་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རིན་པོ་ཆེ་ཕྱི་ཟླ་ ༡༢ ཟླ་མཇུག་ཏུ་བལ་ཡུལ་དུ་ཡོང་སྲིད་པའི་གནས་ཚུལ་གསལ་སྟོན་དང་། རྒྱ་ནག་གིས་རྒྱུན་དུ་བོད་ནང་གི་བོད་མི་ཚོའི་སེམས་ནང་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རིན་པོ་ཆེར་དད་གུས་བསྐྲུན་ཐབས་འབད་རྩོལ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་ཕེབས་པའི་གནས་ཚུལ་བྱུང་ཚེ། དེ་ལྟ་བུ་ཡང་ན་དེ་ལས་ཚ་ཚད་ཆེ་བ་ཞིག་བྱ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་གསུངས། དེ་ནས་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་འབྲེལ་བའི་སྐོར་གསུང་སྐབས་བཀའ་དྲུང་གིས་དབུ་ཁྲིད་པའི་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་དེའི་ནང་ལྷན་ཁང་ཁག་གི་སྐུ་ཚབ་ཡོད་པ་ངོ་སྤྲོད་གནང་བ་དང་། ཨ་རི་ལྟ་བུ་མཚོན་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་རིམ་ཁག་ཅིག་སྔ་ས་ནས་གྲ་སྒྲིག་གནང་ཡོད་པ་སོགས་གསུངས། དེ་བཞིན་ས་གནས་ཁག་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ལས་རིམ་གང་ཡོད་རྣམས་བོད་མིའི་སྒྲིག་འཛུགས་ལ་ཕུལ་ན་གོ་སྒྲིག་ཚོགས་ཆུང་ནས་གོ་སྟོན་གྱི་མཛད་སྒོ་སྲུང་བརྩི་ཞུ་རྒྱུའི་ལོ་འཁོར་ལས་རིམ་གཅིག་གྱུར་བཟོ་ཐུབ་རྒྱུ་ཡིན་པས་དེ་ལྟར་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས།། 






