༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༠༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་དུལ་ལེ་སི་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། དོན་ཁང་གི་ལས་བྱེད་རྣམས་ནས་ཕེབས་བསུ་ཞུས་ཡོད། ཨ་རིར་ཕེབས་འབྱོར་བྱུང་མ་ཐག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་གཙོས་པའི་ཚོགས་མི་ལྷན་དུ་ཡོང་འགྱུར་ཨ་རིའི་སྲིད་གཞུང་གསར་པ་ལྷན་དུ་འབྲེལ་གཏུག་དང་བོད་དོན་ཞུ་གཏུག་བྱ་ཐབས་ཀྱི་འཐབ་བྱུས་ཚོགས་འདུ་བསྐོང་ཚོགས་གནང་།
དེ་རྗེས་སྲིད་སྐྱོང་མཆོག་ནས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་། ཁོར་ཡུག་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་(The Bridge Fund)ཐེབས་རྩའི་ལྕམ་མེ་རི་བྷེཊ་(Mary Beth)ལགས་དང་མཇལ། (The Bridge Fund)ཐེབས་རྩ་ནས་འདས་པའི་ལོ་ངོ་ ༢༨ ལྷག་རིང་བོད་ནང་གི་བོད་མི་ལྷན་ཟུང་སྦྲེལ་གྱིས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་ཁོར་ཡུག་ཐོག་ལས་དོན་མང་དག་བརྩམས་ཡོད་ཅིང་། ད་ལམ་ཐེབས་རྩ་དེ་ཉིད་སྒོ་རྒྱག་ལ་ཉེ་བའི་དུས་སུ་ཐེབས་རྩའི་ཚོགས་གཙོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འདས་པའི་ཚོགས་པའི་གྲུབ་འབྲས་དང་། བོད་ནང་གི་ལས་གཞི་ཁག་གི་སྐོར་སྙན་སེང་ཞུས་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བྷ་རོན་ཞེས་པའི་བསམ་མཛོད་བསྟི་གནས་ཁང་གི་ཆེད་མཁས་པ་བཀྲ་ཤིས་ལགས་དང་། ལྕམ་སུ་ཛེ་ཊ་ལགས་མཇལ་འཕྲད་གནང་། ལྕམ་སུ་ཛེ་ཊ་ལགས་ནི་བོད་བརྒྱུད་ནང་བསྟན་ཐོག་ཐུགས་སྣང་གནང་མཁན་ཞིག་ཡིན་པ་དང་། ཁོང་མོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དགོན་སྡེ་ཁག་ཏུ་གནས་མཇལ་དུ་བསྐྱོད་འདོད་ཡོད་སྐོར་གསུངས་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་སྐམ་ས་ཆེན་པོ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་ནང་པའི་ཆོས་དར་འཕེལ་འགྲོ་བཞིན་ཡོད་ཅིང་། ནང་ཆོས་དེ་ཉིད་མི་རིགས་ཕན་ཚུན་འབྲེལ་ལམ་ཡོང་བར་ཕན་ཐོགས་ངེས་ཡིན་པ་གསུངས། ཁོང་མོའི་དགོངས་ཚུལ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསྔགས་བརྗོད་གནང་རྗེས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གནང་ཡོད།
ཕྱི་ཚེས་ ༠༧ ཉིན་ཨ་རིའི་སྐུ་ཚབ་དོན་ཁང་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པར་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གསོལ་ཚིགས་འདེགས་འབུལ་གནང་ཡོད་པ་དང་། ཕྱི་ཚེས་ ༠༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་ཡོད།
སྤྱིར་བྱང་ཨ་རིའི་ཁུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་གྲངས་ ༣༦ ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་རིགས་སྤྱི་མཐུན་ཚོགས་པ་གྲངས་ ༢༦ མཉམ་ཞུགས་གནང་ཡོད་པ་བཅས།།