༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཧི་རོ་ཤི་ཡ་མ་དྷ་ (Hiroshi Yamada) ལགས་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཡ་མ་དྷ་ལགས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གསར་འདེམས་བྱུང་བར་བོད་ཀྱི་ཐབས་རྩོད་དང་། ལྷག་པར་ད་ལྟའི་གནད་འགག་ཆེ་བའི་དུས་སྐབས་འདིར་ཉི་འོང་གྲོས་ཚོགས་ངོས་ནས་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་པ་དང་། དེ་བཞིན་སྐུ་ཞབས་ཧི་རོ་ཤི་ཡ་མ་དྷ་ལགས་ཀྱིས་ལོ་མང་རིང་ཉི་འོང་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་དང་། ཐུགས་ཁུར་གནང་བ་སོགས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༦ ནང་ཉི་འོང་དུ་ཚོགས་གཏན་འཁེལ་བའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་མུ་མཐུད་རྒྱབ་སྐྱོར་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་རེ་བ་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཁྱེད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉི་འོང་དུ་བོད་ཀྱི་མགྲིན་ཚབ་ལྟ་བུ་གནས་པའི་ཡིད་ཆེས་ཡོད་ཅེས་གསུངས།།