༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༨ དང་ ༢༩ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་༸རྒྱལ་བ་གཉིས་པའི་གདུང་འཚོབ་དགའ་ལྡན་ཁྲི་ཐོག་ ༡༠༥ པ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཁྲི་འདོན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་ཇི་ལྟར་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་ཟླ་བ་ ༡༡ ཚེས་ ༢༨ ཉིན་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ལེགས་པར་བསྐྱངས་ཏེ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་དབུ་ཆོས་རྣམ་པ་དང་། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་འདུས་ཚོགས་དམངས་དང་བཅས་པའི་གསེར་འཕྲེང་དུང་བརྒྱ་སྤོས་སྣེ་དབུ་གདུགས་དང་བཅས་བསུ་མ་ཞུས་ཏེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་། རླབས་ཆེན་ཐུགས་བཞེད་ལྷུན་གྲུབ་ཡོང་བ་སོགས་ཀྱི་རྟེན་འབྲེལ་ལེགས་ཚོགས་རྒྱས་པའི་ཕྱིར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཞལ་འདོན་གནས་བཅུ་དང་། ཁྲི་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་གསུང་གནང་སྟེ་མཛད་སྒོ་བཀྲ་ཤིས་པའི་ངང་གྲོལ། དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།ཟླ་བ་ ༡༡ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༤༥ བློ་གསལ་གླིང་གྲྭ་ཚང་གི་ཚུལ་ཁང་ཁམས་ཚན་དུ་ཁམས་ཚན་གྱི་འབྲེལ་ཡོད་ཁམས་ཚན་ཉེ་ལོག་དང་སྐུ་མགྲོན་རྣམ་པས་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས་ཅིང་བརྟན་བཞུགས་ཀྱི་མཛད་སྒོ་དབུ་འཛུགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཞལ་འདོན་གནས་བཅུ་དང་ཁྲི་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་གསུང་གནང་སྟེ་མཛད་སྒོ་གྲུབ། དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་དགའ་ལྡན་ཁྲི་རིན་པོ་ཆེའི་གཟིམ་ཆུང་དུ་མགྲོན་འབོད་གནང་བ་ལྟར་མཇལ་བཅར་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད།
མཛད་སྒོའི་སྐུ་མགྲོན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག བོད་མི་མང་སྤྱི་འཐུས་རྣམ་པ། ལྷོ་སྤྱི། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན། དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་སྐུ་ཚབ། དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་། སྐུ་ཚབ་འཐུས་མི་རྣམ་པ། སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས། གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་བཅས་ཆེད་ཕེབས་གནང་ཡོད།། །།