༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་ས་གནས་འགོ་འཛིན་ཚོགས་ཁང་ནང་དམག་དཔོན་ཟུར་པ་དང་། བདེ་སླར་ས་གནས་འགོ་འཛིན་ཟུར་པ་ཟླ་བ་ཤཱོརྱོ་ཅཀྲ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ ‘རང་གི་མི་ཚེའི་མཐོང་ཐོས་མྱོང་གསུམ།’ ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་འདུག
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གཞན་ཡང་སྐུ་མགྲོན་དུ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས། བདེ་སྲུང་ལས་ཁུངས་ཀྱི་སྐུ་ཚབ་བསྟན་འཛིན་དོན་བཟང་ལགས་བཅས་ཕེབས་འདུག དམག་དཔོན་ཟུར་པ་ཟླ་བ་ལགས་ནི་རྒྱ་གར་གྱི་དམག་མིའི་ནང་ཞབས་ཞུ་གནང་སྐབས། ཁོང་གི་དཔའ་མཛངས་དང་འགོ་ཁྲིད་ཀྱི་ནུས་པར་ངོས་འཛིན་ཐོག་ཤཱོརྱོ་ཅཀྲ་གཟེངས་རྟགས་གཙོས་པའི་གཟེངས་རྟགས་མང་པོ་ཐོབ་མྱོང་མཁན་གྱི་དམག་དཔོན་ཟུར་པ་ཞིག་རེད་འདུག
མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐོག་མར་ཚང་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་ཤཱོརྱོ་ཅཀྲ་གཟེངས་རྟགས་བཞེས་མཁན་ཟླ་བ་ལགས་ཀྱིས་ཕྱག་དེབ་དབུ་འབྱེད་ཀྱི་དགོས་དམིགས་གསུངས་པ་བཞིར་བཟུང་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་བོད་མི་མི་རེ་ངོ་རེས་སོ་སོའི་མི་ཚེའི་ནང་སྐྱིད་སྡུག་དར་རྒུད་གང་བྱུང་བའི་ལོ་རྒྱུས་ཀྱི་མྱོང་བ་རྣམས་མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་ཡིག་ཐོག་ཏུ་བྲིས་ནས་བཞག་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན་ནས། མི་ཐོག་རྒན་པ་མང་པོ་ཞིག་གི་ཕྱག་དེབ་བྲིས་གནང་ཡོད་པ་དང་། གང་བྲིས་པ་རྣམས་བོད་མི་རིགས་འཐབ་རྩོད་ཀྱི་ལམ་བུ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད།
དེ་བཞིན་ཟླ་བ་ལགས་ཀྱི་ཕྱག་དེབ་ནང་ལ། ཁོང་ཉིད་འཁྲུངས་ཡུལ་ལྷོ་ཁའི་ནང་བཞུགས་པའི་སྐབས་རྒྱ་ནག་དམར་གཞུང་གིས་ཐོག་མར་བཙན་འཛུལ་བྱས་པའི་གནས་ཚུལ་དང་། དེའི་སྐབས་ཀྱི་ལུང་པའི་གནས་སྟངས་དང་། དགོན་སྡེ་དང་། འཚོ་བ་སྐྱེལ་སྟངས་ཀྱི་གནས་སྟངས་སོགས་དང་། དེ་རྗེས་ཁོང་ཉིད་དགོན་པའི་ནང་ཆོས་ཞུགས་གནང་བའི་སྐབས་ཀྱི་མྱོང་བ། ལྷག་པར་དུ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས། ཨ་འབྲུག་མགོན་པོ་བཀྲ་ཤིས་ལགས་ཀྱིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་སྒང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བཙུགས་སྐབས། ཁོང་ཉིད་སྒྲིག་འཛུགས་སུ་འཛུལ་ཞུགས་གནང་བའི་སྐོར། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་ཞི་བའི་སྒེར་ལངས་བྱུང་རྗེས། ༸གོང་ས་མཆོག་གི་ཞབས་རྗེས་སུ། རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་། ཐོག་མར་ཌལ་ཧོར་བོད་མིའི་གདན་ཐག་བཟོ་གྲྭའི་འགན་འཛིན་དང་། རྗེས་སུ་རང་ཡུལ་སླར་གསོའི་འདུན་པ་ཆེད་ཆེར་ཡོད་པའི་ཐོག་ནས་རྒྱ་གར་གྱི་དམག་མིའི་ནང་འཛུལ་ཞུགས་གནང་བའི་སྐོར་སོགས་ཡིག་ཐོག་ཞིབ་ཕྲ་བཀོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མི་རྣམས་ཕྱི་ལོ་ ༡༩༥༩ ནས་བཟུང་ད་བར་རྒྱ་གར་ནང་གནས་བཞུགས་ཀྱིས་ད་ཆ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུར་གྱུར་ཡོད། དེ་ཡང་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེར་འདོན་ཐུབ་པ་ནི། རྒྱ་གར་གྱི་ཐུགས་རྗེའི་བཀའ་དྲིན་ཆགས་ཀྱི་ཡོད་ཅིང་། བཀའ་དྲིན་ཆེན་པོ་ཆགས་པ་གཞིར་བཟུང་ཟླ་བ་ཤཽརྱ་ཅཀྲ་ལགས་ཀྱིས་གཙོས་པའི་བཙན་བྱོལ་བོད་མི་མང་པོ་ཞིག་གིས་རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་སྲུང་སྐྱོབ་དམག་མིའི་ (Special frontier force) ནང་ཞུགས་ཡོད་པ་རེད།
སྔོན་མའི་སྐབས་ལ་རྒྱ་གར་གྱི་དམག་མིའི་ནང་ལ་དམིགས་བསལ་མཐའ་མཚམས་སྲུང་སྐྱོབ་བྱེད་མཁན་ (Special frontier force) བོད་པའི་དམག་སྒར་ཨང་ ༢༢ ཞེས་པ་དེ་ཕྱིར་བསྒྲགས་དེ་ཙམ་བྱེད་ཆོག་གི་མེད་ཀྱང་། རྒྱ་དཀར་ནག་གཉིས་དབར་ལ་དྭགས་ས་མཚམས་སུ་རྩོད་རྙོག་བྱུང་སྐབས་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཆེད་དང་ཞབས་དམག་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་ཚེ་སྲོག་ཤོར་བའི་རྗེས་སུ། དེང་སང་སྤྱི་ཚོགས་དྲ་ལམ་སོགས་ཀྱི་ཐོག་ནས་བོད་པའི་དམག་སྒར་ཨང་ ༢༢ པའི་དཔའ་མཛངས་བྱས་རྗེས་རྣམས་རྒྱ་གར་ནང་ཡོངས་གྲགས་སུ་གྱུར་ཡོད་པ་དང་། ཁོང་རྣམ་པའི་སྙིང་སྟོབས་བྱས་རྗེས་ཀྱི་ཐོག་ནས་རྒྱ་གར་མི་མང་གིས་བོད་མི་ཚོར་བལྟ་སྟངས་ལའང་གྱུར་བ་ཞིག་ཏན་ཏན་ཕྱིན་ཡོད།
བོད་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་དེ། སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་ལས་དོན་གང་སྤེལ་བ་རྣམས་སྒྲིག་འཛུགས་ནས་ཡིག་ཐོག་ལ་ཉར་ཚགས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྐབས་བོད་མི་ཚོས་དཀའ་སྡུག་གང་མྱོང་བ་རྣམས་མྱོང་བ་ཡོད་པའི་བོད་མི་རྣམས་ཀྱིས་ཡིག་ཐོག་ཏུ་བཀོད་ནས་མི་རབས་རྗེས་མར་འཇོག་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དེས་བོད་མི་རིགས་ཀྱི་དངོས་བྱུང་ལོ་རྒྱུས་ཤེས་རྟོགས་ཐུབ་པ་མ་ཟད། མི་རིགས་ཀྱི་ཞེན་ཁོག་བྱུང་ས་ལྟ་བུ་ཆགས་ཀྱི་རེད། ཟླ་བ་ཤཽརྱ་ཅཀྲ་ལགས་ཀྱིས་སྐུ་ཚེ་དོན་དང་ལྡན་པ་བསྐྱལ་བ་དེ་བཞིན་ཡིག་ཐོག་ཏུ་བཞག་ཐུབ་པ་དེ་ཡག་པོ་བྱུང་འདུག་པས། ཁོང་གི་སྐུ་ཚེའི་ལོ་རྒྱུས་དཔར་སྐྲུན་བྱེད་པར་ཐོག་མར་ཀུན་སློང་གི་ས་བོན་འདེབས་མཁན་དང་། དེ་བཞིན་རྩོམ་སྒྲིག་པ་དང་། ཞུ་དག་པ། པར་སྐྲུན་དང་ཕྱག་རོགས་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
མཛད་སྒོ་འདི་བཞིན་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ས་གནས་དབུས་གཙང་ཚོགས་པ། ལྷོ་ཁ་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུས་གནང་འདུག