༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༢༧ ཉིན་གུང་ཆུ་ཚོད་ ༢།༣༠ ཐོག་ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོཡེ་ སི་ཊིརི་ཌར་ (Roy Strider) ལགས་ཀྱིས་སྣེ་ཁྲིད་པའི་ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།
མཇལ་འཕྲད་སྐབས་སྐུ་ཞབས་རོཡེ་ སི་ཊིརི་ཌར་མཆོག་བརྒྱུད་ནས་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ལའོ་རི་ ཧུ་སར་ (Lauri Hussar, Speaker of the Estonian Parliament) མཆོག་གིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་ཕྱག་ཡིག་དང་། དེ་བཞིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ ཀཱ་ལེ་ རཡེ་ཌི་ (MP Juku-Kalle Raid, Chair of the Tibet Support Group in the Estonian Parliament) མཆོག་བཅས་ཀྱིས་ཕྱག་རྟགས་ཕུལ་བ་དང་། སྐུ་ཞབས་རོཡེ་ སི་ཊིརི་ཌར་མཆོག་གིས། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོས་འཚམས་འདྲིའི་ཕྱག་ཡིག་ཕུལ་བ་དེས་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་གྱི་ཡོད་པའི་སྐོར་གསུངས་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་དང་། ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་དབར་དམིགས་བསལ་འབྲེལ་ལམ་དམ་ཟབ་ཡོད་པའི་སྐོར་དང་། དེ་སྔ་དཔལ་ལྡན་ཚོགས་གཙོ་མཆོག་ཨི་སི་ཊོ་ནི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས། སྐུ་ཞབས་རོཡེ་ སི་ཊིརི་ཌར་མཆོག་དང་ལྷན་ཐོག་མར་མཇལ་འཕྲད་གནང་བའི་མྱོང་ཚོར། རྗེས་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་ཁྱོན་དུ་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་བའི་སྐོར་ངོ་སྤྲོད་དང་འབྲེལ། དུས་ཆེན་སྲུང་བརྩིའི་སླད་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་དང་། མང་ཚོགས་ནས་ཀྱང་ལས་འཆར་བསྒྲིག་ཐུབ་མིན་སྐོར་སོགས་ཀྱི་ཐོག་གསུངས་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་དང་། རྒྱ་གར་དང་། ཨ་རི། ཨི་སི་ཊོ་ནི་ཡ་སོགས་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གིས་མཐུན་འགྱུར་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་ཚོས་ད་བར་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་མི་ཉམས་རྒྱུན་འཛིན་ཡག་པོ་གནང་ཐུབ་ཡོད་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་ངོ་སྤྲོད་གནང་བ་མ་ཟད། ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་རྣམས་འདིར་ཕེབས་པ་དེས་རྒྱ་ནག་དམར་གཞུང་ལ་བོད་ཀྱི་གནད་དོན་ཐོག་བོད་མི་གཅིག་པུ་མིན་པར་རྒྱབ་སྐྱོར་གནང་མཁན་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད་པའི་སྐོར། རྒྱ་ནག་དམར་གཞུང་གིས་བོད་ནང་གི་སློབ་ཕྲུག་རྣམས་བཙན་ཤེད་ཐོག་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱས་བཅུག་སྟེ། བོད་ཕྲུག་རྣམས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སླེབ་གཉེར་བྱ་རྒྱུའི་རང་དབང་རྣམས་འཕྲོག་ནས་བོད་རིགས་རྣམས་རྒྱ་རིགས་སུ་འགྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་བཅས། །