༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༩ ཉིན་གུང་ཆུ་ཚོད་ ༢།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགྲོ་ལུགས་མང་གཙོའི་ཆ་ལག་ཚང་བའི་ལམ་ལུགས་སུ་བསྒྱུར་གནང་མཛད་པའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བཅས་ངོ་སྤྲོད་དང་། ཕྱི་ལོ་ ༢༠༡༩ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལཊི་ཝི་ཡའི་རྒྱལ་ས་རི་གྷར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས། རྒྱ་ནག་གཞུང་གིས་ས་གནས་སུ་ཆེད་དུ་མགྲོན་ཁང་གླས་ཏེ་བོད་ནང་འཛུགས་བསྐྲུན་དང་འཚོ་བ་ཡར་རྒྱས་བཏང་བའི་པར་རིས་བཀྲམས་ཏེ་གནས་ཚུལ་ལོག་འགྲེལ་བྱས་པའི་སྐོར་དཔེ་མཚོན་དང་སྦྲགས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་འཁྱོག་བཤད་ལོག་འགྲེལ་བྱ་རྒྱུ་ཤུགས་ཆེར་འགྲོ་བཞིན་ཡོད་པའི་སྐོར། བོད་དེ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་བྱས་རྗེས། རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་ཀྱི་དཀའ་ངལ་བཟོས་པ་སོགས་ད་བར་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། ས་མཚམས་ཀྱི་དཀའ་ངལ་དེ་དག་སེལ་རྒྱུར་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གལ་ཆེན་པོ་ཡིན་པ། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་མིའི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་གསུངས་པ་དང་འབྲེལ། གསར་འགོད་རྩོམ་སྒྲིག་པ་རྣམ་པས་བོད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་ཁག་ལ་ཞིབ་འཇུག་དང་། གསར་ཤོག་ནང་གང་མང་འགོད་གནང་ཡོང་བའི་འབོད་སྐུལ་སོགས་ཞུས་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།
གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་ཚོགས་ཆུང་ནང་རྒྱ་གར་གྱི་དུས་བབ་ (The Times of India) གསར་ཤོག་གི་རྩོམ་སྒྲིག་པ་པར་དྷིབ་ ཐ་ཀུར་ (Pradeep Thakur) ལགས་དང་། (Navbharat Times) གསར་ཤོག་གི་སྲིད་དོན་རྩོམ་སྒྲིག་པ་སྐུ་ཞབས་ནཱ་རེན་དྷར་ ནཱ་དྷ་ (Narendra Nath Mishra) ལགས། (The Print) གསར་ཤོག་གི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་རྩོམ་སྒྲིག་པ་སྐུ་ཞབས་ཀེ་ཤིབ་ པེ་ཌ་མཱ་ནཱ་བྷན་ (Keshav Padmanabhan) ལགས། ཐེ་ཝན་གཞུང་གི་གསར་ཤོག་ (Central News Agency) ཞེས་པའི་རྩོམ་སྒྲིག་པ་ (Chin Wei Lee) ལགས། རྒྱ་གར་བང་ཆེན་ (The Indian Express) གསར་ཤོག་གི་གསར་འགོད་པ་སཱ་མན་ ཧུ་སེན་ (Saman Husain) ལགས་བཅས་ཡོད་པ་དང་། གཞི་རྩའི་ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལ་ཁུལ་ལ་ཕྱི་ཚེས་ ༧ ནས་ ༡༠ བར་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་སོགས་རྡ་ས་ཁུལ་ལ་བོད་པའི་བསྟི་གནས་ཁག་ཅིག་ལ་ལས་རིམ་ཡོད་འདུག་པ་དང་། ཕྱི་ཚེས་ ༡༠ ཉིན་གཞུང་འབྲེལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད།
མཇལ་འཕྲད་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་མཉམ་བཅར་ཞུས་འདུག་པ་བཅས། །