༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གཞོགས་འདེགས་དང་། ཐའེ་ཝན་སྐལ་བཟང་མེ་ཏོག་སེམས་ཁམས་སྨན་བཅོས་ཁང་གི་གོ་སྒྲིག་འོག ཐའེ་ཝན་རིག་གཞུང་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ དང་ཕྱི་ཟླ་ ༡༢ ཚེས་ ༡ བཅས་ཉིན་གཅིག་དང་ཕྱེད་ཀའི་རིང་། སྐྱབས་རྗེ་ཡང་སྟེང་མཆོག་སྤྲུལ་རིན་པོ་ཆེ་གཙོས་པའི་ཐའེ་ཝན་དུ་གནས་བཞུགས་རྒྱ་ཡིག་ལ་མཁས་པ་ལྷ་རམས་དགེ་བཤེས་ཟིལ་དཀར་རིན་པོ་ཆེ་དང་། ལྷ་རམས་དགེ་བཤེས་ཆོས་དབང་ལགས། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་བཅས་གདན་འདྲེན་ཞུས་ཏེ། འབྲེལ་ཡོད་ཐའེ་ཝན་གྱི་སེམས་ཁམས་སྨན་པ་དང་། སེམས་ཁམས་དབྱེ་ཞིབ་པ་བཅས་དབར་གཞོན་སྐྱེས་རང་བཞིན་གྱི་སྤྱི་ཚོགས་གནད་དོན་དང་དེར་གདོང་ལེན་བྱེད་ཕྱོགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུ་དེ་བཞིན་ཐའེ་ཝན་སྐལ་བཟང་མེ་ཏོག་སེམས་ཁམས་སྨན་བཅོས་ཁང་གི་འགན་འཛིན་ཁྲིན་ཅཱ་ལིང་ (Chenjialing) ལགས་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཆོས་དགེ་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་རྣམ་གཉིས་ཀྱི་གཙོ་སྐྱོང་གནང་ཡོད་ཅིང་། ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཐའེ་ཝན་སེམས་ཁམས་སྨན་བཅོས་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཝང་རིན་པང་ (Wangrenbang) ལགས་རྣམ་གཉིས་ནས་གཏམ་བཤད་གནང་ཡོད།
སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་འདས་པའི་མི་ལོ་ ༣༠ ལྷག་གི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་གླིང་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བོད་བརྒྱུད་ནང་བསྟན་དང་། ཚན་རིག་བར་བགྲོ་གླེང་བསྟུད་མར་གནང་བའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་དེང་སང་ཐའེ་ཝན་རྒྱའི་སྤྱི་ཚོགས་སུ་ལག་བསྟར་བྱེད་མཁན་བྱུང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལས་ཁུངས་ཡིན་པའི་ཆ་ནས་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། མ་འོངས་མུ་མཐུད་ལས་གཞི་སྤེལ་ཐུབ་པའི་རེ་བའང་ཞུས་ཀྱི་ཡོད། ལྷག་པར་ཐའེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ནས་ཀྱང་རྒྱུན་ལྡན་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཕུད། དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོར་ལ་དཔག་སྟེ་བྱ་གཞག་གཞན་སྣ་མང་སྤེལ་ཐུབ་དགོས་པ་ནི་དུས་ཀྱི་དགོས་མཁོ་དང་བསྟན་པ་ཡུན་རིང་གནས་ཐུབ་པའི་གཞི་ཡིན་སྟབས། དེའི་ཐོག་ལ་འབད་རྩོལ་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
དེ་ནས་ཚོགས་ཐེངས་དང་པོ་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་རྟགས་གསལ་རིགས་ལམ་དེ་བཞིན་སེམས་ཁམས་སྨན་བཅོས་ཐོག་བེད་སྤྱོད་ཐུབ་མིན་གྱི་ཚོད་ལྟ་བྱེད་ཕྱོགས་སྐོར་ཡིན་ཅིང་། ཐོག་མ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་དང་སྨན་པ་ཁྲིན་ཅཱ་ལིང་ (Chenjialing) ལགས་རྣམ་གཉིས་ནས་ཐག་རིང་གྲོགས་པོ་འབྱོར་ན་དགའ་ཚོར་ལྷག་པར་སྐྱེས་ཞེས་རྒྱའི་གནའ་དཔེ་དེའི་སྐོར་རྟགས་གསལ་བཏང་བ་དང་། དེ་རྗེས་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་དང་དགེ་བཤེས་ཆོས་དབང་ལགས་རྣམ་གཉིས་ནས་རྒྱ་སྐད་ཐོག་རྟགས་གསལ་བཏང་བ་འབྲེལ་ཡོད་མཉམ་ཞུགས་གནང་མཁན་སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་གཙོས་པའི་དགེ་བཤེས་རྣམ་པ། གཞན་ཡང་སེམས་ཁམས་སྨན་པ་རྣམ་པས་དྲི་བ་ཚ་པོ་བཏང་རེས་བྱས་པར་ཚོགས་ཞུགས་པ་རྣམ་པ་ཡ་མཚན་སྐྱེས་ཏེ་ཚོགས་ཁང་དགོད་སྒྲའི་ཁེངས་པ་དང་། དེ་ནས་ཟིལ་དཀར་རིན་པོ་ཆེ་ནས་རྟགས་གསལ་གྱི་རིགས་ལམ་བྱུང་ཚུལ་དང་སློབ་སྦྱོང་ལ་ཕན་ཡོན་ཇི་ལྟར་ཡོད་མེད། ནང་ཆོས་ཕུད་སློབ་སྦྱོང་གི་རིགས་གཞན་དག་ལ་བེད་སྤྱོད་གཏོང་ཐུབ་ན་ཕན་ཡོན་ཇི་ཡོད་བཅས་སྐོར་ངོ་སྤྲོད་མཐིལ་ཕྱིན་ཞུས་ཡོད་པ་རེད།
ཚོགས་ཐེངས་གཉིས་པ་ནི་འབྲེལ་ཡོད་སེམས་ཁམས་སྨན་པ་ (Tang shouzhi) ལགས་དང་། སེམས་ཁམས་སྨན་པ་ (Weng xinkai) ལགས་གཉིས་ནས་སེམས་ཁམས་སྨན་བཅོས་ཀྱི་གཞུང་དང་སྨན་བཅོས་བརྒྱུད་རིམ་གྱི་དངོས་བྱུང་མྱོང་ཚོར་ངོ་སྤྲོད་གནང་རྗེས། འབྲེལ་ཡོད་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་རྣམ་པས་དྲི་བ་ཕུལ་ཏེ་ཕན་ཚུན་རྒྱུས་ལོན་དང་ཉམས་མྱོང་སྤེལ་རེས་ལེགས་པོ་བྱུང་ཡོད།
ཉིན་རྒྱབ་ཚོགས་ཐེངས་གསུམ་པ་ནི་སློབ་དཔོན་ཆེན་པོ་ཧུང་རོལ་པིང་ (Huang ruibing) ལགས་ཀྱི་གཙོ་སྐྱོང་འོག སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་དང་། སེམས་ཁམས་སྨན་པ་ཧུའང་ཡན་ཞུན་ (Huang yanxun) ལགས་དང་ཨུང་ཤིན་ཁའེ་ (Weng xinkai) ལགས་གསུམ་དབར་ལས་རིགས་ལས་བརྒལ་བའི་བགྲོ་གླེང་ཡིན་ཅིང་། དེའང་བོད་བརྒྱུད་ནང་བསྟན་གྱི་གཞུང་དང་སེམས་ཁམས་སྨན་བཅོས་ཀྱི་ཉམས་མྱོང་དབར་ཕན་ཚུན་ཞིབ་བསྡུར་གྱིས་དེང་སང་གཞོན་སྐྱེས་རྣམ་པའི་སེམས་ནད་འབྱུང་གཞི་དང་། དཀའ་ངལ་སེལ་ཐབས་སྐོར་ཕན་ཚུན་དྲི་བ་དྲིས་ལན་མཐིལ་ཕྱིན་གནང་ཡོད།
ཉིན་གཉིས་པའི་གསུང་བཤད་གནང་མཁན་གཙོ་བོ་སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་དང་། དེར་བགྲོ་གླེང་གནང་མཁན་ནི་གྲགས་ཅན་སེམས་ཁམས་སྨན་པ་ལིའུ་ཧུའེ་ཆིང་ (Liu huiqing) ལགས་ཡིན་ཅིང་། རིན་པོ་ཆེ་ནས་ནང་ཆོས་ཀྱི་ལྟ་སྒྲུབ་ལས་འདོད་ཆགས་ཞེ་སྡང་ཆེ་དྲགས་ན་ནང་སེམས་ལ་དཀའ་ངལ་ཇི་ལྟར་འཕྲད་ཚུལ་དང་སེལ་ཕྱོགས་སྐོར་ཆུ་ཚོད་གཅིག་ལྷག་རིང་གསུང་བཤད་གནང་རྗེས། བགྲོ་གླེང་བས་རིན་པོ་ཆེའི་གསུང་བབ་དང་སེམས་ཁམས་སྨན་བཅོས་ལྟ་གྲུབ་ཟུང་དུ་འབྲེལ་ནས་ཕན་ཚུན་གྱི་ལེགས་པའི་ཆ་ལེན་ཐབས་དང་། དེའི་རྐྱེན་གྱིས་སེམས་ཁམས་སྨན་བཅོས་ལ་ཕན་ཆེན་པོ་ཐོབ་རྒྱུའི་སྐོར་གསུངས་རྗེས། ཚོགས་ཞུགས་པ་རྣམ་པས་དྲི་བ་རྫོགས་མཐའ་མེད་པ་བཏང་བར་རིན་པོ་ཆེ་ནས་ལན་འདེབས་འདོད་བློ་ཚིམས་པ་ཕེབས་ཡོད་སྟབས། ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་འདི་ལྟ་བུའི་བགྲོ་གླེང་ཚོགས་འདུ་མ་འོངས་མུ་མཐུད་ཚོགས་གནང་ཡོང་བའི་རེ་འབོད་ཁྲོད།རིན་པོ་ཆེ་ནས་འབྲེལ་ཡོད་བགྲོ་གླེང་གོ་སྒྲིག་གནང་མཁན་ལ་ཐུགས་རྗེ་ཆེ་ཞུའི་ལག་རྟགས་འབུལ་རྗེས་བགྲོ་གླེང་རྒྱལ་ཁའི་ངང་གྲོལ་ཡོད་ཀྱང་། ཕྱི་ཕྱོགས་བར་འཁྱམ་དུ་ཚོགས་བཅར་བ་རྣམས་ནས་ད་དུང་གྲོལ་འདོད་མེད་པར་རིན་པོ་ཆེ་དང་དགེ་བཤེས་རྣམ་པའི་མཐའ་བསྐོར་ཏེ་དྲི་བ་སྣ་ཚོགས་ཕུལ་བའི་གནས་ཚུལ་བྱུང་ཡོད།
གཞན་ཡང་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་གྲགས་ཅན་ཐའེ་ཝན་ཆིང་ཧྭ་གཙུག་ལག་སློབ་གཉེང་ཁང་དུ་ནང་ཆོས་དང་ཀླད་པའི་ཚན་རིག་དབར་གྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་བར། ཆེད་དུ་གདན་འདྲེན་གནང་བ་ལྟར་སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་བཅར་ཏེ། རྒྱལ་སྤྱིའི་སྟེང་སྐད་གྲགས་ཤིན་ཏུ་ཆེ་བའི་ཐའེ་ཝན་ཀླད་པའི་ཚན་རིག་པ་ཅང་ཨན་ཧྲི་ (Jiang anshi ) ལགས་ཀྱི་ཚན་རིག་ཞིབ་འཇུག་ཁང་དུ་ལྟ་སྐོར་དང་འབྲེལ་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་མང་པོ་བྱུང་ཡོད་ཅིང་། ཉིན་རྒྱབ་བགྲོ་གླེང་ཚོགས་འདུའི་ཐོག་རིན་པོ་ཆེ་ནས་ནང་པའི་ལྟ་གྲུབ་ལས་འཇིག་རྟེན་པའི་ཁམས་ཆགས་ཚུལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་དབྱེ་སྟངས་ནས་སྲོག་ཆགས་དང་པོ་བྱུང་སྟངས་སོགས་འགྲེལ་བརྗོད་གནང་བ་དང་། རྒྱ་བརྒྱུད་སློབ་དཔོན་ཡན་དབྱེ་ལགས་ནས་བསམ་གཏན་སྒོམ་སྒྲུབ་སྐོར། གྲགས་ཅན་ཚན་རིག་པ་ཁོང་ནི་དེང་སང་ཀླད་པའི་ཚན་རིག་འཕེལ་ཕྱོགས་སྐོར་བཅས་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད་སྟབས། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རིན་པོ་ཆེ་དང་དགེ་བཤེས་རྣམ་པ་མཐོ་སློབ་དང་། ཤེས་ཡོན་ཅན་གྱི་སྡེ་ཚོགས། སེམས་ཁམས་སྨན་བཅོས་སོགས་དང་འབྲེལ་བ་ཆེ་རུ་འཛུགས་དགོས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཆགས་འདུག །