༄༅། །ཆོས་རིག་དྲུང་ཟུར་སྐྱེད་རྟ་ནོར་བུ་དོན་ལྡན་ལགས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༤ ཉིན་དྷ་ས་བདེ་ལེགས་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས། དམ་པ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྲི་ཞུ་གང་ལེགས་བསྒྲུབས་པར་རྗེས་སུ་ཡི་རང་ཐོག་རྗེས་དྲན་ཞུ་ཕྱིར་དང་། ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།སྐྱེད་རྟ་ནོར་བུ་དོན་ལྡན་ལགས་ནི། ཕྱི་ལོ་ ༡༩༨༦ ཟླ་བ་ ༠༩ ཚེས་ ༠༡ ནས་སྐུ་སྒེར་ཡིག་ཚང་གི་རྒན་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་བ་ ༠༨ ཚེས་ ༠༡ ནས་དྲུང་ལས་སུ་གནས་སྤར། ཕྱི་ལོ ༡༩༩༣ ཟླ་བ་ ༠༦ ཚེས་ ༡༡ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ ༡༩༩༩ ཟླ་བ་ ༠༡ ཚེས་ ༢༩ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༨ ཚེས་ ༠༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༤ ཚེས་ ༡༦ ནས་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༦ ཚེས་ ༠༤ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༠ ཟླ་བ་ ༠༤ ཚེས་ ༠༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༢ ཟླ་བ་ ༠༢ ཚེས་ ༠༡ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༣ ཚེས་ ༠༡ ནས་བཀའ་ཡིག་ངེས་མེད་ལས་གཞིའི་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༧ ཚེས་ ༠༡ ནས་ལོ་གཅིག་རིང་རྒས་ཡོལ་འཕར་འགྱངས། ཕྱི་ལོ་ ༢༠༡༤ ཟླ་བ་ ༠༧ ཚེས་ ༠༡ ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།