༄༅། །སེར་བྱེས་མཁས་སྙན་གྲྭ་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་སྲུང་བརྩི་དང་འབྲེལ། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་ཁག་འདྲ་མིན་གྱི་ནང་པའི་འདུལ་བ་འཛིན་པའི་མཁས་དབང་གདན་ཞུས་ཀྱིས། རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་དབུ་འཛུགས་གནང་ཡོད།དེ་ཡང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྡོར་གདན་ཝཏ་པ་ཐའེ་དགོན་པའི་ (Watpa Thai Monastery) ཚོགས་ཁང་ནང་སྐུ་མགྲོན་རྣམ་པ་དང་འདུལ་བ་འཛིན་པའི་མཁས་དབང་རྣམ་པ་ཚང་འཛོམས་ཀྱི་ཐོག་མར། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་བ་དང་། དེ་ནས་ཐའེ་དང་། བོད་པ། སིངྒ་ལ། ཐེ་ཝན། ཝིཏ་ནམ། ཉི་འོང་། འབར་མ་བཅས་ཀྱི་དགེ་འདུན་པ་རྣམས་ནས་སོ་སོའི་སྐད་ཐོག་རིམ་བཞིན་ཞལ་འདོན་གསུང་འདོན་གནང་།དེ་ནས་ཝཏ་པ་ཐའེ་དགོན་པའི་དྲུང་ཆེ་རཏྣེ་ཤི་ཝར་ཅག་མ་ (Ratneshwar Chakma) ལགས་ནས་འཚམས་འདྲིའི་གསུང་བཤད་དང་སྐུ་མགྲོན་རྣམ་པ་ངོ་སྤྲོད་གནང་། དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ངག་དབང་བྱང་ཆུབ་ལགས་ནས་འཚམས་འདྲིའི་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་མཇལ་དར་ཕུལ།
དེ་ནས་དམིགས་བསལ་སྐུ་མགྲོན་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ (Dr.Mahashweta Maharati) ལགས་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཐེ་ཝན་དགོན་པའི་མཁན་རིན་པོ་ཆེ་ཀའོ་ཆིང་ཧྲི་ (Ven.Guo Qing Shi) ལགས་དང་། ཐའེ་དགོན་པའི་མཁན་རིན་པོ་ཆེ་འབུམ་རམས་པ་དགེ་སློང་བོ་དྷི་ནན་དྷ་མུ་ནི་ (Ven.Dr.Phra Bodhi Nandhamunee) ལགས། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སེར་བྱེས་མཁན་རིན་པོ་ཆེ་མཆོག་བཅས་ནས་རིམ་བཞིན་གསུང་བཤད་གནང་།མཐར་གྲྭ་བློ་བཟང་རྡོ་རྗེ་དཔལ་འབྱོར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད་པ་བཅས།། །།