༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་བོད་ཁམས་དཀར་མཛེས་ཁུལ་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་དུ་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་རེད་འདུག
དེ་ཡང་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པའི་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་བྲག་མགོ་རྫོང་སོགས་ནས་དམག་མི་ ༤༠༠ ཙམ་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གྲྭ་བཙུན་རྣམ་པའི་འགུལ་བསྐྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་པ་རེད་འདུག
ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ནས་འགོ་འཛུགས་ཀྱིས་བླ་རུང་སྒར་དུ་གྲྭ་བཙུན་རྣམས་ལོ་ ༡༥ ལས་མང་བ་གནས་སྡོད་མི་ཆོག་པའི་དམ་བསྒྲགས་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། གྲྭ་བཙུན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་ཕྱིར་སྲིད་གཞུང་གིས་བཅད་བགོས་བྱས་པའི་ཞིང་ཆེན་རིམ་པའི་ཐོག་ནས་གྲྭ་བཙུན་སློབ་གཉེར་བའི་ཞལ་གྲངས་ཉུང་དུ་བཏང་ཡོད་པ་རེད་འདུག
གསེར་རྟ་བླ་རུང་སྒར་ལ་མཚོན་ན། རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༠༡ དང་། ༢༠༡༦། ༢༠༡༧ བཅས་སོ་སོར་དྲག་གནོན་གྱིས་གྲྭ་ཤག་སྟོང་ཚོ་བརྒལ་བ་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་དགོན་པ་ནས་བཙན་དབང་གིས་ཕྱིར་འབུད་བཏང་ཡོད་པ་རེད།
གཞི་རྩའི་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པའི་བླ་རུ་སྒར་ནི་ཕྱི་ལོ་ ༡༩༨༠ ལོར་གསར་བཙུགས་གནང་ཞིང་། མཚན་སྙན་ལྡན་པའི་ཆོས་སྒར་འདིའི་ནང་ནང་པའི་གྲྭ་བཙུན་སྟོང་ཕྲག་པོ་སློབ་གཉེར་གནང་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་དྲག་གནོན་འོག་འདས་པའི་ལོ་ཤས་བཟུང་བླ་རུང་སྒར་དུ་དེ་སྔ་ཡོད་པའི་གྲྭ་བཙུན་ཞལ་གྲངས་ཕྱེད་ཀ་ཙམ་གྱི་ཉུང་དུ་ཕྱིན་ཡོད་པ་རེད་འདུག