༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་མདོ་ཁམས་གོ་འཇོ་བ་ཐུན་མོང་ནས་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ཆོས་རིག་དྲུང་ཆེ་མགྲོན་འབོད་ཞུས་པ་བཞིན་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བླ་ཆེན་རྣམ་པ་དང་། དམིགས་བསལ་སྐུ་མགྲོན་རྣམ་པས་སེར་ཕྲེང་དང་བཅས་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གཟིམ་ཆུང་ནས་ལྷ་ཁང་མདུན་ཐང་དུ་གདན་འདྲེན་ཞུས་ཏེ། རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་མཚམས་གནས་བརྟན་ཕྱག་མཆོད་ནས་བཟུང་བརྟན་བཞུགས་ཀྱི་ཆོ་གའི་རིམ་པ་གསུང་བསྐུལ་གནང་། དེ་ནས་གོ་འཇོ་བརྟན་བཞུགས་ཚོགས་ཆུང་ནས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་བླ་ཆེན་རྣམ་པ། དགོན་སྡེ་ཁག་དང་ཚོགས་ཁག་གི་སྐུ་ཚབ་རྣམ་པ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་གྲུབ་འཚམས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཤིག་ཕུལ། ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། སྤྱི་ཟུར་རྒྱ་རི་བུ་ཕྲུག་ལགས། དེ་བཞིན་དགོན་སྡེ་ཁག་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་སྐུ་ཚབ་སོགས་ཕེབས་ཡོད་པ་བཅས།།