༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ཟུར་འཁོར་ཚ་བསོད་ནམས་དགྲ་འདུལ་དམ་པ་མཆོག་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་། བཅུ་བཞི་པ་བཅས་ཀྱི་སྤྱི་འཐུས་ཀྱི་ལས་འཁུར་བཞེས་མྱོང་མཁན་སྤྱི་འཐུས་ཟུར་པ་འཁོར་ཚ་བསོད་ནམས་དགྲ་འདུལ་མཆོག་སྐུ་གཟུགས་བདེ་མིན་དབང་གིས་སྡེ་ར་སྡུན་དོན་གྲུབ་གླིང་གཞིས་སྒར་གྱི་གཟིམ་ཤག་ཏུ་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་དགོང་དྲོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༩ པར་སྤྱི་མཚུངས་ལྟར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་འཁོད་འདུག
དེ་ཡང་སྤྱི་ཟུར་འཁོར་ཚ་བསོད་ནམས་དགྲ་འདུལ་མཆོག་བྱང་ནག་ཆུ་བར་ཐ་སྡེ་གསར་ཤོག་ཁག་གི་འཁོར་ཚ་བརྒྱ་དཔོན་ཚང་དུ་ཕྱི་ལོ་ ༡༩༤༠ ལོར་ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་རང་ཉིད་ཀྱི་ཐུགས་འདོད་ལྟར་ ༡༩༥༥ ལོར་སྟོད་ལུང་མཚུར་ཕུར་ཆོས་ཞུགས་ཀྱིས་ནང་ཆོས་སློབ་གཉེར་གནང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་རྐྱེན་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་ལ་ཆིབས་བསྒྱུར་གནང་སྐབས་ཁོང་ཉིད་ཆིབས་ཞབས་གྲས་སུ་རྒྱ་གར་ལ་བཙན་འབྱོལ་དུ་ཕེབས། དེ་རྗེས་རུམ་བཏེག་དགོན་དུ་མུ་མཐུད་ནང་ཆོས་སློབ་གཉེར་གནང་། ཕྱི་ལོ་ ༡༩༦༠ ཡས་མས་སུ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོའི་བཀའ་དགོངས་བཞིན་ཌལ་ཧོར་ཀེ་ལ་ཤར་སྤྲུལ་སྐུའི་སློབ་གྲྭར་ཨིན་ཇི་དང་ཧིན་ཌིའི་སྐད་ཡིག་སློབ་སྦྱོང་གནང་བ་དང་ཆབས་ཅིག རྒྱ་གར་ནང་མཚུར་ཕུ་བླ་བྲང་གི་གཞིས་ཆགས་ལས་གཞི་འདྲ་མིན་ཐོག་ཞབས་ཞུ་བསྒྲུབས། དེ་རྗེས་ཕྱི་ལོ་ ༡༩༦༧ བར་ཌལ་ཧོར་དང་། ཀུ་ལུ་མ་ན་ལིར་དབུས་སྐྱོབ་གསོའི་སྨན་ཁང་གི་སྐད་འགྱུར་དང་འཕྲོད་ལས་ཀྱི་ཞབས་ཞུ་གནང་། ཕྱི་ལོ་ ༡༩༦༨ ནས་སྤུ་རུ་ཝ་ལ་དང་། ས་ཊོན། སྤོན་ཊ། ཀུམ་རའོ་བཅས་ཀྱི་འཕྲོད་བསྟེན་འགན་འཛིན་གྱི་ལས་འགན་བཞེས་ཡོད་པ་མ་ཟད། ཀུམ་རའོ་སྨན་ཁང་འགན་འཛིན་དང་འགོ་འཛིན་གཞོན་པ་གཅིག་ལྕོགས་དང་། ཕྱི་ལོ་ ༢༠༠༢ བར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་གཙོ་གནང། དེ་རྗེས་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་ཁོངས་ནས་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ་སྐབས་གཉིས་རིང་སྤྱི་འཐུས་ཀྱི་ལས་འཁུར་བཞེས་གནང་ཡོད། ཁོང་སྐུ་གཟུགས་བདེ་མིན་དབང་གིས་སྡེེ་ར་སྡུན་དོན་གྲུབ་གླིང་གཞིས་སྒར་གྱི་གཟིམ་ཤག་ཏུ་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༡ གུ་རུའི་ཚེས་བཅུ་དུས་བཟང་གི་དགོང་དྲོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དམ་པ་ཁོང་སྐུ་འཚོ་བཞུགས་རིང་ནང་ཆོས་ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་ཡིན་པར་བརྟེན། སྐུ་གཤེགས་རྗེས་ཉིན་གྲངས་བཞིའི་རིང་ཐུགས་དམ་དུ་བཞུགས་གནང་བ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༩ ཉིན་༸ཀརྨ་པའི་བྱེས་ཀྱི་གདན་ས་རུམ་བཏེག་ཀརྨ་བཤད་སྒྲུབ་ཆོས་འཁོར་གླིང་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད། མདོར་ན་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་གནང་མཁན་མཛད་རྗེས་ཅན་ཞིག་ཡིན་པ་བཅས།།