༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ས་གནས་མོད་ཁམས་ཆུ་བཞི་སྒང་དྲུག་དང་། ས་གནས་དབུས་གཙང་ཆོལ་ཁ། ས་གནས་མདོ་སྨད་ཆོལ་ཁ། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། དབུ་མའི་ལམ་མི་མང་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། སྦེལ་ཇམ་གཞོན་སྐྱེས་དང་བླངས་བོད་དོན་ཞུ་གཏུག་ཚོགས་པ་བཅས་སྦེལ་ཇམ་ཁུལ་གྱི་ཚོགས་པ་བརྒྱད་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ཐོག་འོག་གྲབ་ཞུ་སྒོའི་སྐོར་ལ་གོ་བསྡུར་ཞིབ་ལྷུག་གནང་ཡོད།
དེ་ཡང་ཚོགས་འདུ་དེ་བཞིན་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་གཙོ་སྐྱོང་གིས་དཔལ་ལྡན་བཀའ་ཤག་ནས་ལམ་སྟོན་གསལ་བསྒྲགས་སྔོན་ཕེབས་ལྟར། ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལོ་འཁོར་ཧྲིལ་པོར་ 《བྱམས་བརྩེའི་ལོ།》ཞེས་གཞུང་འབྲེལ་གོ་སྟོན་གོ་སྒྲིག་ཞུ་གཏན་ཁེལ་བ་བཞིན། སྦེལ་ཇམ་ཁུལ་དུ་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར་ལ་ལམ་སྟོན་ཞུ་སྒོ་ཁག་གནང་གྲུབ་རྗེས། ཚོགས་བཅར་བ་རྣམས་ནས་ཚོགས་འདུ་སྔ་མའི་སྐབས་གྲོས་འཆམ་བྱུང་བའི་ལས་གཞི་ཁག་གི་ཐོག་ལ་བསྐྱར་ཞིབ་དང་དགོངས་ཚུལ་བརྗེ་རེས་ཀྱིས་ལས་འཆར་སྣེ་མང་ཡོད་ཁོངས་ནས་དྲག་འདེམས་ཀྱིས་ལག་བསྟར་གནང་འོས་ཁག་ཟུར་འདོན་ཞུས།
གཞན་ཡང་ཐེངས་འདིའི་ཚོགས་ཐོག་ཏུ་འདི་ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཉིན་སྦེལ་ཇམ་རྒྱ་ཆེའི་མང་ཚོགས་ལ་གོ་སྟོན་གྱི་གསལ་བསྒྲགས་དངོས་སུ་སྤེལ་རྒྱུ་དང་། དཔལ་འབྱོར་འདུ་འགོད་ཀྱི་ལས་གྲྭ་དངོས་སུ་འགོ་འཛུགས་ཞུ་རྒྱུ། ལས་འཆར་དྲག་འདེམས་ཇི་ཞུས་ཀྱི་ཞིབ་གནས་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་ལ་འབུལ་རྒྱུ་དང་། ལས་འཆར་རྣམས་གོ་སྟོན་གྱི་ལོ་འཁོར་མོའི་ནང་ཆ་བགོས་ཀྱིས་ལག་བསྟར་ཇི་གནང་བཅས་ཀྱི་ཐོག་བཀའ་བསྡུར་རིམ་ཞུ་གནང་།
མཇུག་ཏུ་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱིས་ལམ་སྟོན་དང་གཙོ་འགན་བཞེས་པའི་ཐོག་གོང་གསལ་ཚོགས་པ་ཁག་བརྒྱད་ལས་གྲུབ་པའི་སྦེལ་ཇམ་གྱི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་འོག་གོ་སྟོན་གྱི་ལས་རིམ་འཆར་སྒྲིག་ཁག་ལག་བསྟར་གནང་རྒྱུའི་གྲོས་ཆོད་བཞག་གནང་ཡོད་པ་བཅས།
དེ་ཡང་ད་ཐེངས་ཀྱི་ཚོགས་འདུ་འདི་ནི་གོ་སྟོན་གྱི་ཚོགས་འདུ་ཐེངས་བཞི་པ་དེ་ཆགས་ཡོད་པ་དང་། ཚོགས་འདུ་ཐེངས་དང་པོ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ དང་ཚོགས་འདུ་ཐེངས་གཉིས་པ་ཕྱི་ཟླ་ ༡༠ ཚེས་ ༥ དེ་བཞིན་ཚོགས་འདུ་ཐེངས་གསུམ་པ་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བཅས་ལ་བསྐོང་ཚོགས་ཀྱིས་གོ་སྟོན་གྱི་སྔོན་འགྲོའི་ལས་རིམ་རྣམས་འོག་གྲབ་ཅི་ཐུབ་ཞུས་ཡོད། །