༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༡༥ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ཀྱིས་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་མཛད་པ་རླབས་ཆེན་དང་འབྲེལ་བའི་ཐོག་ཉམས་ཞིབ་ཀྱི་ལམ་ནས་ཕྱོགས་བསྒྲིགས་གནང་བའི་དཔེ་དེབ་པོད་བཞི་ཡོད་པ་ཞིག་དབུ་འབྱེད་གནང་སོང་།
སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། གཞན་སྐུ་མགྲོན་དུ་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་སོགས་ཕེབས་འདུག
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ལས། བོད་མིའི་བདེ་དོན་འཐབ་རྩོད་དང་འབྲེལ་མཛད་པ་བླ་མེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་ཧ་ཅང་གི་རྒྱ་ཆེན་པོ་ཞིག་སྟེ། དེང་སང་སྤྱི་ཚོགས་དང་། ཕྱག་དེབ་སོགས་ཀྱི་ནང་ཡོངས་གྲགས་ཆགས་ཟིན་ཡོད་པས། དེར་ཚང་མས་དོ་སྣང་གནང་མིན་ཙམ་ལས། དོ་སྣང་གནང་བ་ཡིན་ན་དངོས་ཡོད་གནས་ཚུལ་གང་ཡིན་པ་ཚང་མ་ཤེས་རྒྱུའི་བརྒྱུད་ལམ་ཆ་ཚང་ཡོད་བསྡད་པ་ཞིག་རེད། འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྟ་བུར་ཆ་མཚོན་ན། དེར་ཉམས་ཞིབ་དང་ཁུངས་གཏུགས་ས་བཙན་པོ་མེད་ན་དེར་ཚད་ལྡན་ཞིག་བརྗོད་དཀའ་བ་ཆགས་ཀྱི་ཡོད།
མགོན་པོ་མཆོག་གི་མཛད་འཕྲིན་ཐོག་དོ་སྣང་གནང་བ་ཡིན་ན་ཆ་ཚང་བ་ཞིག་ཤེས་ཐུབ་རྒྱུའི་བརྒྱུད་ལམ་དང་མཐུན་རྐྱེན་ཚང་མ་འཛོམས་བསྡད་དུས་ཚང་མས་དེའི་ཐོག་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་པ་རེད། དེ་རིང་ངས་ཤོད་རྒྱུའི་བརྗོད་གཞི་འདི། བོད་མིའི་བདེ་དོན་འཐབ་རྩོད་དང་འབྲེལ་བའི་མཛད་པ་བླ་མེད་སྐོར་ཆགས་བསྡད་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཀྱི་བདེ་དོན་འཐབ་རྩོད་རེད། ཕྱག་དེབ་འདིའི་ནང་ལོགས་ལ་ས་བཅད་འདྲ་པོ་གསུམ་བྲིས་འདུག དང་པོ་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། གཉིས་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ། གསུམ་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་སྐོར་བཅས་བཀོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དེ་དག་སྐོར་ཕྱག་དེབ་བཞིའི་ནང་ནས་གཅིག་ནང་བཀོད་འདུག་པ་དེ་ཧ་ཅང་གི་ཡག་པོ་བྱུང་འདུག་བསམ་གྱི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། ལྷག་པར་དུ་བོད་བསྟན་སྲིད་དང་འབྲེལ་བའི་བཀའ་སློབ་བསྩལ་དུས། བོད་ཀྱི་རིག་གཞུང་གི་འབྲེལ་བ་དེ་དང་མཉམ་དུ་ངོ་སྤྲོད་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་བརྩིས་ཀྱི་ཡོད་རེད། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་བའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་སྩལ་བའི་གསུང་འཕྲིན་ནང་། ཁྱེད་རང་ཚོ་འདུ་འཛོམས་གནང་བར་འཚམས་འདྲི་ཞུ་རྒྱུ་དང་། བོད་ཀྱི་འཐབ་རྩོད་དེ་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་རིག་གཞུང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ཙམ་མ་ཟད། དེའི་ཐོག་ནས་འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་ཐུབ་པ། འཛམ་གླིང་གི་གཅེས་ནོར་ཞེས་དང་། དེའི་ཐོག་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད་རེད་ཅེས་བཀའ་སློབ་སྩལ་ཡོད་རེད། དེ་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཐོག་གསུང་འཕྲིན་སྩལ་བ་གསལ་ཤོས་འདྲ་པོ་དང་། རྗེས་མ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད།
དེ་བཞིན་བོད་ཀྱི་བདེ་དོན་འཐབ་རྩོད་ཅེས་ཤོད་དུས། ཞེ་ས་མེད་པར་ཁ་ཐུག་ཞུས་པ་ཡིན་ན། ཕྱོགས་ཞེན་ཕྱོགས་ཞེན་འདྲ་པོའི་སྐད་ཆ་དེར་རྒྱུ་མཚན་གང་ཡང་མེད་པར། ངའི་ཕ་ཡུལ་གཅིག་པ་དང་། ངའི་གྲོགས་པོ་རེད་ཟེར་བའི་རྒྱུ་མཚན་དེ་འདྲ་ཙམ་ལས་དེ་ལས་ལྷག་པའི་རྒྱུ་མཚན་ཞེ་པོ་མེད་པ་རེད། དུས་རྒྱུན་༸གོང་ས་མཆོག་གིས་བོད་ལ་རྒྱབ་སྐྱོར་གནང་མཁན་ཚོར་དེ་ལས་བརྒལ་བའི་རྒྱུ་མཚན་ཞིག་གསུང་བསྡད་ཀྱི་ཡོད་རེད། དེ་གང་རེད་ཅེ་ན། བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་དེ་ཕྱོགས་ཞེན་བྱས་ནས་མིན་པ་དང་། བོད་ཀྱི་རྩ་དོན་འཐབ་རྩོད་དེ་དངོས་ཡོད་དང་བདེན་པ་ཡིན་པའི་ཆ་ནས་རྒྱབ་སྐྱོར་གནང་གི་ཡོད་རེད་ཅེས་ངོ་སྤྲོད་གནང་བསྡད་ཀྱི་ཡོད་རེད། དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་འདུག བོད་ཀྱི་ཆབ་སྲིད་ཀྱི་ཐོག་ལ་རྒྱབ་སྐྱོར་འཚོལ་བའི་སྐབས་ལ། བོད་ཀྱི་རིག་གཞུང་རེད། རྒྱ་ནག་གི་སྲིད་བྱུས་འཛིན་ཕྱོགས་རེད། བོད་ནང་གི་བོད་མིའི་གནས་སྟངས་ཞུ་དགོས་པ་གང་ཞིག་ལ་དངོས་ཡོད་གནས་ཚུལ་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་གང་འདྲ་ཆགས་ཀྱི་ཡོད་པ། ད་ལྟའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་པ་བཅས་ཤོད་ཐུབ་པ་ཡིན་ན། དེ་དང་འབྲེལ་བའི་དེང་སང་འཛམ་གླིང་གོ་ལ་གཅིག་གྱུར་ཆགས་བསྡད་ཡོད་དུས། དེ་དང་མཉམ་དུ་ང་ཚོ་ལའང་རང་བཞིན་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་དང་། དེ་དང་མཉམ་དུ་རང་བཞིན་གྱིས་རྒྱབ་སྐྱོར་ཡོང་རྒྱུའི་ལམ་ཁ་གསར་པ་གཏོད་ཐུབ་རྒྱུ་ཞིག་ཆགས་བསྡད་ཀྱི་ཡོད་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེ་དོན་འཐབ་རྩོད་ཐོག་ལ་རྒྱབ་སྐྱོར་འཚོལ་རྒྱུར་བོད་པ་རང་གི་ངོས་ནས་སོ་སོའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་ང་རང་ཚོའི་སྒྲིག་འཛུགས་འདི་གསར་འཛུགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དང་། དེ་ནས་བཙན་བྱོལ་ལ་ཕེབས་པའི་གནས་སྟངས་བྱུང་བ་རེད། བོད་ལ་བཞུགས་དུས། ལེགས་བཅོས་ཚོགས་ཆུང་དང་། གྱོད་ཞིབ་ཚོགས་ཆུང་ཞེས་པ་བཙུགས་ནས་ང་ཚོའི་སྤྱི་ཚོགས་དེང་དུས་ཀྱི་ཆབ་སྲིད་འགྲོ་སྟངས་དང་། སྔ་མོའི་རིག་གཞུང་ཁག་ཡོད་པ་གང་ཞིག་ལ་ཚང་མར་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཐུགས་བརྩོན་གནང་ཡོད་པ་དང་། དེ་དང་མཉམ་དུ་ཁེ་ཕན་དང་། དཔལ་འབྱོར། ཆབ་སྲིད། རིག་གཞུང་སོགས་གཅིག་གྱུར་གྱི་འདུ་ཤེས་ཡོང་ཐུབ་ཐབས། དུས་རབས་དང་མཐུན་པའི་ཐོག་ནས་ང་ཚོས་གོམ་སྟབས་སྤོ་ཐུབ་དགོས་པ་གལ་ཆེན་པོར་གཟིགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་ཆབ་སྲིད་ཀྱི་ལམ་ལུགས་འགྱུར་བཅོས་གཏོང་ཐབས་མཛད་ཡོད། ཕྱི་ལོ ༡༩༥༤ ལོར་རྒྱ་ནག་ལ་ཆིབས་བསྒྱུར་མཛད་ནས་དཔོན་རིགས་རྣམས་མཇལ་འཕྲད་དང་། ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྐབས་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་གར་གྱི་ཆབ་སྲིད་འགྲོ་སྟངས་སོགས་ཀྱི་ཐོག་ལ་ཐུགས་སྣང་ཆེན་པོ་མཛད་པ། ཕྱིས་སུ་བོད་ལ་དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བཙན་བྱོོལ་ནང་བོད་མིའི་ཆབ་སྲིད་འདི་བཞིན་མང་གཙོའི་ལམ་ལུགས་ཐོག་མདུན་བསྐྱོད་ཀྱིས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་འདྲ་མཉམ་ཐོག་ནས་འཁྲིད་ཐབས་གནང་ཡོད་རེད། དེ་ཧ་ཅང་གི་རླབས་ཆེན་པོ་ཆགས་བསྡད་ཀྱི་ཡོད་པ་དང་། གཅིག་སྒྲིལ་ཞེས་པ་དེ་འདྲའི་ཐོག་ནས་ཡོང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བསམ་བློ་མཐུན་མིན་ཐོག་ལ་གཅིག་སྒྲིལ་གྱི་གཞི་འཛིན་ས་མེད་པ་ལྟ་བུ་དང་། བསམ་བློ་མཐུན་མིན་ཁྱིམ་ཚང་ནང་གི་ནང་མི་ཕན་ཚུན་ལའང་ཡོང་གི་ཡོད་ཀྱང་། གཞི་རྩའི་ཁྱིམ་ཚང་གི་བསམ་བློ་དེ་གནས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་ཡིན་ནའང་འདྲ། བཀའ་མོལ་གསུང་སྟངས་ཀྱི་ཐོག་ནས་ཀྱང་ལྟ་བ་མི་མཐུན་པ་ཡོང་གི་རེད། འོན་ཀྱང་སྒྲོམ་གཞི་འདིའི་ཐོག་ནས་གཅིག་གྱུར་གྱི་རྣམ་པ་ཞིག་ཡོད་པ་ཡིན་ན། འདིའི་ཐོག་ནས་ཆབ་སྲིད་རེད། རིག་གཞུང་རེད། གང་ཡིན་ཡང་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག
དེ་དང་ཆབས་ཅིག་མ་འོངས་པར་ང་ཚོས་ཉེན་ཁའི་ཕྱོགས་ལའང་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག བོད་ཅེས་པ་དེ་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པ་གཅིག་གིས་བོད་ཆ་ཚང་བ་ཞིག་ངོས་འཛིན་བྱེད་ཐུབ་རྒྱུར་ཁག་པོ་མཐོང་གི་འདུག དེ་ཐུན་མོང་གི་འགྲུབ་དགོས་ཀྱི་ཡོད་རེད། དེའི་ཐོག་ལ་བསམ་བློ་གཏོང་སྟངས་ཡག་པོ་ཞིག་དང་གསལ་པོ་ཞིག་ཡོང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག དཔེར་ན་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་བ་རེད། དེའི་དཀའ་ངལ་ཡང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་མྱངས་དང་མྱོང་བཞིན་པ་རེད། མ་འོངས་པར་ཡང་ཇི་ཙམ་མྱོང་དགོས་མིན་བཤད་ཐུབ་ཀྱི་མ་རེད། དེ་དབུས་གཙང་གཅིག་པུ་དང་། མདོ་ཁམས་གཉིས་ཀྱིས་མྱོང་མི་དགོས་པ་ལྟ་བུ་དང་། ཡང་མདོ་ཁམས་གཉིས་ཀྱི་མྱོང་དགོས་པ་དང་། དབུས་གཙང་གིས་མྱོང་མི་དགོས་པ་དེ་འདྲ་མེད་པར། ཚང་མས་གཅིག་མཚུངས་ཀྱི་མྱོང་དགོས་དུས། ཐུན་མོང་གི་དཀའ་ངལ་དེ་ཡང་ཐུན་མོང་གི་ཐོག་ནས་སེལ་ཐུབ་རྒྱུའི་གོ་སྐབས་བསྐྲུན་དགོས་པ་ལས། བྱེ་བྲག་པ་ཞིག་གིས་སེལ་ཐུབ་རྒྱུ་ཁག་པོ་ཞེ་པོ་ཆགས་བསྡད་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རྣམས་ཧ་ཅང་གི་རླབས་ཆེན་རེད།
བོད་བཙན་པོའི་དུས་སྐབས་སུ་ཨེ་ཤི་ཡའི་ཡུལ་ལུང་མང་པོར་དབང་བསྒྱུར་བྱས་ཡོད་པ་དང་། དེའི་སྐབས་བོད་ཆོལ་གསུམ་གཅིག་གྱུར་གྱི་རྣམ་པ་དེ་ཡོད་པ་དང་། དེ་བཞིན་བོད་སིལ་བུར་འཐོར་བའི་རྗེས་ལ་ཆབ་སྲིད་ཀྱི་འཛིན་སྐྱོང་བསྙབས་ཐུབ་མིན་བྱུང་ཡོད་རེད་དེ། ལོ་རྒྱུས་ཐོག་ལ་བོད་ཆོལ་གསུམ་གཅིག་གྱུར་གྱི་རྣམ་པ་དེ་ཡོད་རེད། དེ་ཡིན་དུས། ༸གོང་ས་མཆོག་གིས་ལོ་རྒྱུས་གཅིག་པུའི་ཐོག་འགྲོ་ཡི་མེད། དཔེར་ན། བོད་ཀྱི་ཆོས་དང་སྐད་ཡིག་གི་ཐོག་ནས་ཀྱང་ཆོལ་གསུམ་གཅིག་གྱུར་ཡོང་གི་འདུག གཅིག་པ་རེད་འདུག ཅེས་གསུངས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་ཀྱི་ཡོད་རེད། མ་འོངས་པར་༸གོང་ས་མཆོག་གི་དགོངས་གཞི་ཆོལ་གསུམ་གཅིག་སྒྲིལ་གྱི་ནུས་པ་སྟོན་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་རེད་འདུག ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་དེ་ཚད་མཐོ་པོ་ཞེ་པོ་བཟོས་གནང་ཡོད་རེད། ཐོག་མར་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་དང་མཐུན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ། ཕྱི་ལོ་ ༢༠༠༢ ནས་བཟུང་སྟེ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་གནང་རྒྱུའི་སྲོལ་གཏོད་པ། ཕྱི་ལོ་ ༢༠༡༡ ནས་བཟུང་སྟེ་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱི་ཐོག་ནས་འགན་ཁུར་ནས་འགྲོ་དགོས་པ། དཔེར་ན་ཕ་མ་འདྲ་པོ་ཆ་བཞག་ནའང་། ཕ་མས་སོ་སོའི་ཕྲུ་གུར་ཁ་རྗེ་དབང་ཐང་ཆ་ཚང་བཞག་ཡོད་རེད། དེ་ཡིན་དུས་ང་ཚོའི་དེ་ཚོའི་ཐོག་ལ་དགོངས་པ་བཞེས་ནས་མདུན་བསྐྱོད་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག མཚམས་རེ་ང་ཚོ་ཚོར་བ་ཁོ་ནའི་ཐོག་ནས་འགྲོ་བ་ཡིན་ན་ཏག་ཏག་བསྡད་ཀྱི་མི་འདུག ལེགས་བཤད་འདྲ་པོ་ཞིག་ལ། ཁོང་ཁྲོ་ལངས་བ་དང་ཐག་གཅོད་མ་བྱེད་ཅེས་ཟེར་བ་ལྟར། ཚོར་བ་གཅིག་པུའི་ཐོག་ནས་འགྲོ་བ་ཡིན་ན་དེས་ཕུགས་ཀྱི་ཁེ་ཕན་ལ་གནོད་ཀྱི་ཡོད་མེད་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་རེད།
བོད་ཀྱི་སྐད་ཡིག་དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པ་ཞིག་དང་། ལྷག་པར་དུ་བོད་ཀྱི་ནང་ཆོས་འཛམ་གླིང་ཐོག་སྙན་གྲགས་ཆེན་པོ་ཆགས་ཡོད་པ་དེ་ཡང་མདོ་རྒྱུད་ཆ་ཚང་བ་ཞིག་ཤེས་རྒྱུར་བོད་ཀྱི་སྐད་ཡིག་གཅིག་པུའི་ཐོག་ལ་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་པ། ང་ཚོའི་རིག་གཞུང་ཕྱུག་པོ་ཆགས་བསྡད་དུས། སྐད་ཡིག་དེ་ཡང་གལ་ཆེན་པོ་བརྩིས་དགོས་ཀྱི་འདུག རྒྱ་གར་ནང་ལོགས་ལ་སློབ་གྲྭ་ཟུར་དུ་བཙུགས་པ་དང་། ཕྱི་རྒྱལ་ཁག་གི་ནང་གཟའ་མཇུག་སློབ་གྲྭ་གསར་འཛུགས་གནང་བ་སོགས་བོད་ཡིག་ལ་དོ་སྣང་སླེབས་ཐུབ་ཀྱི་འདུག དེ་ཡིན་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་ང་ཚོས་གོམ་པ་མདུན་སྤོས་བྱེད་ཐུབ་པ་ཡིན་ན་ང་རང་ཚོའི་རིག་གཞུང་དང་། ཆོས། སྐད་ཡིག་གནས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུག ཆོས་དེ་ཡང་ང་རང་ཚོའི་ཉིན་རེའི་འཚོ་བའི་ནང་སླེབས་ཐུབ་དགོས་པའི་ཐོག་བསམ་བློ་གཏོང་དགོས་པ། ནང་ཆོས་ནང་བཀའ་འགྱུར་ལ་པོད་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་ལ་པོད་ཉིས་བརྒྱ་ལྷག་ཙམ་བཅས་ཁྱོན་པོད་སུམ་བརྒྱ་ལྷག་ཙམ་ཡོད་རེད། དེ་ཆ་ཚང་བལྟ་ཐུབ་མིན་གཅིག་རེད། བལྟ་ཐུབ་པ་ཡིན་ནའང་ནང་དོན་ཇི་ཙམ་རྟོགས་མིན་དེ་གཅིག་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོོན་ཆེན་པོ་མཆོག་གིས་ནང་ཆོས་ལ་སྡེ་ཚན། ནང་ཆོས་ཀྱི་ལྟ་གྲུབ་དང་། ནང་ཆོས་ཚན་རིག སྤྱིར་བཏང་ནང་ཆོས་བཅས་གསུམ་ལ་ཕྱེ་ནས། སོ་སོར་བལྟ་ཐུབ་རྒྱུ་ཡོད་པ། དེ་ལྟར་སྐུ་ལས་བསྐྱོན་དགོས་པའི་རྒྱུ་མཚན་ནི། དེ་ཡུན་རིང་དུ་གནས་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པ། དོ་སྣང་སླེབས་ཐུབ་པའི་ཆེད་དུ་རེད། ༧གོང་ས་མཆོག་གི་དགོངས་གཞི་དེ་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར་ཆོས་དང་། རིག་གཞུང་། སྐད་ཡིག སྤྱི་ཚོགས་བདེ་དོན་བཅས་ཚང་མའི་ཐོག་ལ་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་ང་ཚོས་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་རེད་འདུག
རྒྱལ་སྤྱིའི་ཆབ་སྲིད་ཐོག་ལ་བོད་དོན་ཐོག་ལ་རྒྱབ་སྐྱོར་འཚོལ་རྒྱུར། ཕྱི་ལོ་ ༡༩༦༧ ལོར་ཉི་འོང་དང་། ཐའེ་ལན་ཌི་རྒྱལ་ཁབ་ནང་ཆིབས་བསྒྱུར་དང་། ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་རྒྱལ་ཁབ་ཁག་ནང་ཆིབས་བསྒྱུར་དང་། དེ་རྗེས་ཨ་རི་སོགས་ཀྱི་ནང་ཆིབས་བསྒྱུར་མཛད་དེ་མི་དང་མི་ཐུག་ནས་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་ཐབས་དང་། ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་ཝ་ཤིང་ཊོན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་པ་དང་། ༡༩༨༨ ལོར་ཕ་རན་སི་སིཊ་སི་སྦག་ལ་ཡུ་རོབ་གྲོས་ཚོགས་ནང་དེའི་དོན་ཡོངས་ཁྱབ་གསལ་བསྒྲགས་གནང་བ། རྩ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཕྱི་ལོ་ ༡༩༧༤ ནས་བཀའ་བསྡུར་གནང་ནས་ཡོང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཀྱང་། ཡིག་ཐོག་ལ་ཡོང་བསྡད་པ་མང་བ་དེ་ཚོར་གཞི་བཞག་ནས་མར་ཡོང་གི་ཡོད་རེད། བོད་ཕྱི་ནང་གཉིས་ཆགས་རྗེས་ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་ལོ་ཉི་ཤུ་ཙམ་གྱི་རིང་ཕན་ཚུན་འབྲེལ་བ་བྱུང་ཐུབ་མེད་པ་དང་། ཕྱི་ལོ་ ༡༩༧༩ ནས་ ༡༩༨༥ བར་བོད་ནང་གི་དངོས་དོན་རྟོག་ཞིབ་གཟིགས་སྐོར་སྔ་རྗེས་ཐེངས་བཞི་ཕེབས་པ་དང་། དེའི་རྗེས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་། རྒྱ་ནག་གཞུང་གི་དབར་འབྲེལ་བ་མ་བྱུང་ནས་ཡུན་རིང་པོ་ཞིག་ལྷག་བསྡད་པ། དེ་རྗེས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་གྲོས་མོལ་ཐེངས་དགུ་བྱུང་བ་དང་། ཐེངས་བརྒྱད་པའི་སྐབས་སུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་པ་དང་། ཡིག་ཆ་དེའི་ཐོག་རྒྱ་ནག་གཞུང་གིས་འགྲེལ་བཤད་སྣ་ཚོགས་བརྒྱབ་པར་བརྟེན། གྲོས་མོལ་ཐེངས་དགུ་པའི་སྐབས་ལ་བསམ་འཆར་ཡིག་ཆའི་ཐོག་འགྲེལ་བརྗོད་ཀྱི་ཡིག་ཆ་བཅས་སྔ་རྗེས་ཡིག་ཆ་གཉིས་སྤྲད་ཡོད་རེད། དེ་ནས་ད་བར་རྒྱ་ནག་གཞུང་གི་ཐོག་ནས་འབྲེལ་བ་ཡོང་གི་ཡོད་མ་རེད། དེ་ཡིན་དུས། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་དགོངས་པ་དང་མཛད་འཕྲིན་ཐོག་ནས་བོད་ཕྱི་ནང་གཉིས་འབྲེལ་བ་བཙུགས་ཐུབ་པ་དང་། ང་ཚོའི་སྒྲིག་འཛུགས་འདི་ཉིད་སྲ་ཐག་ཐག་བྱུང་ཐུབ་པ། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་དབར་འབྲེལ་བ་ཞིག་བཙུགས་ཐུབ་པ། ང་ཚོས་ད་ལྟའི་ཆར་མུ་མཐུད་མཇུག་སྐྱོང་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དཔེར་ན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་༧གོང་ས་མཆོག་གི་དགོངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་རེད་ཅེས་བཤད་པས་གཅིག་པུས་འདང་གི་མི་འདུག དེའི་ཉེན་ཁ་དེ་ཡང་མཉམ་དུ་འགྲེལ་བརྗོད་གནང་ཐུབ་ན་མ་འོངས་པར་ཕན་ཐོགས་ཐུབ་ཀྱི་མེད་ན་བསམ་གྱི་འདུག
ང་ཚོའི་སྲིད་བྱུས་འདི་ཡང་དག་པ་ཆགས་བསྡད་ཡོད་རེད་དེ། འབྲེལ་བ་བྱེད་ས་དེ་རྒྱ་ནག་གཞུང་ཆགས་བསྡད་ཡོད་དུས། རྒྱ་ནག་གཞུང་གིས་ང་ཚོས་དགོས་འདུན་བཏོན་པ་ནང་བཞིན་དེ་ལ་ཚུལ་མཐུན་གྱི་ཡ་ལན་མེད་པར་མ་ཟད་དེའི་ལྡོག་ཕྱོགས་ཀྱི་ལས་ཀ་ཤ་སྟག་བྱེད་བསྡད་ཀྱི་ཡོད་རེད། དེ་ང་ཚོས་ངོས་འཛིན་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཡོད་རེད། རྩ་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལོགས་ལ་རང་སྐྱོང་མཉམ་གནས་བྱེད་ཐུབ་རྒྱུའི་ཐོག་འགྲེལ་བརྗོད་བྱེད་ཀྱི་ཡོད་རེད། དེང་སང་དེ་ཙམ་བཤད་ཀྱི་མི་འདུག བར་སྐབས་ཤིག་ལ་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཟུར་པ་ཀྲུ་ཝིང་ཇི་ཟེར་བ་དེ་སྐུ་ཚབ་སྔ་རྗེས་ཐུག་ཡོད་རེད། ཁོང་ཚོས་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཡོངས་རྫོགས་ཕྱིར་བསྡུ་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་ནག་ཧན་མི་རིགས་ཟེར་བ་མི་རིགས་ཆེན་པོའི་ལམ་ལུགས་དར་སྤེལ་གཏོང་དགོས་ཀྱི་འདུག གྲངས་ཉུང་མི་རིགས་བོད་དང་། ཡུ་གུར་སོགས་ཀྱི་གནས་བབ་མེད་པ་བཟོ་དགོས་ཀྱི་འདུག་ཅེས་པའི་གཞུང་འབྲེལ་སྐད་ཆ་དེ་འདྲ་བྱུང་ཡོད་རེད། དེ་འདྲའི་མངོན་གསལ་དོད་པོ་བྱུང་ཡོད་དུས། ང་ཚོས་དེ་ལ་དཔག་པའི་སྲིད་བྱུས་ཀྱི་ཁ་ཕྱོགས་ཀྱང་འགྱུར་དགོས་ཀྱི་ཡོད་རེད། མདའ་དེ་འབེན་ལ་ཕོག་གི་མེད་དུས། དུས་ནས་དུས་སུ་གནས་བབ་དེ་ངོ་སྤྲོད་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད། དཔེར་ན་ཕྲུ་གུ་ཆུང་ཆུང་གི་ཁ་ལག་མི་རྒན་པས་བཟས་ན་དྲོ་བ་མེད་པ་དང་། མི་རྒན་པའི་ཁ་ལག་ཕྲུ་གུར་སྤྲད་ན་འཇུ་ཐུབ་ཀྱི་མ་རེད་པཱ། བབ་དང་མཐུན་པའི་ཟས་ཤིག་སྤྲོད་དགོས་ཀྱི་ཡོད་རེད། སྐབས་དུས་དང་བསྟུན་ནས་འགྲོ་དགོས་པ་གལ་ཆེན་པོ་རེད་འདུག དཔེར་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་དང་། གདུལ་བྱའི་བློ་རིམ་དང་མཐུན་པའི་ཆོས་འཁོར་རིམ་པ་གསུམ་བསྐོར་ཡོད་པ་རེད། བཀའ་དང་པོའི་བདེན་བཞིའི་ཆོས་འཁོར་དེ་ནོར་བ་རེད་ཅེས་ལབ་ཐུབ་ཀྱི་མ་རེད་པཱ། དེའི་སྐབས་ཀྱི་གདུལ་བྱར་དཔག་པའི་གསུངས་ཡོད་པ་དང་། དེ་བཞིན་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དེ་ཡང་དེའི་སྐབས་ཀྱི་གདུལ་བྱ་སུ་ཡིན་པ། ནང་དོན་གང་ཡིན་པའི་ཐོག་འགྲེལ་བཤད་རྒྱག་དགོས་པ་རེད། བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་བཀའ་དེ་ཡང་གདུལ་བྱ་དང་ནང་དོན་དེ་བཞིན་འགྲེལ་བཤད་རྒྱག་དགོས་རེད། ང་ཚོའི་སྲིད་བྱུས་དེ་ཡང་དེ་ལྟར་འགྲོ་དགོས་པ། ཆབ་སྲིད་ཀྱི་སྲིད་བྱུས་དེ་ཚོར་བསམ་བློ་མང་པོ་བཏང་ནས་གོམ་སྟབས་སྤོ་དགོས་པ་གལ་ཆེན་པོ་རེད་འདུག དེར་ཉེན་ཁ་འདྲ་པོ་གཉིས་ཡོང་གི་ཡོད་རེད། གཅིག་དེ་བོད་ཅེས་པ་དེ་ང་ཚོ་སེམས་ཤུགས་ཆག་ནས་གང་ཡང་མེད་པ་འདྲ་པོ་མིས་གང་བཤད་བཤད་འདྲ་པོ་སོ་སོའི་ངོས་ནས་འབད་བརྩོན་གང་ཡང་མ་བྱེད་མཁན་ཞིག་ཆགས་སོང་ན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་ཡོད་ཀྱང་ཕན་ཐོགས་མེད་པ་འདྲ་པོ་ཆགས་ཀྱི་རེད། དེ་བོད་ཕྱི་ནང་གཉིས་ཀར་ཉེན་ཁ་འདུག དེ་གཅིག་རེད་འདུག གཉིས་པ་དེ། རྒྱལ་སྤྱིའི་ནང་རྒྱལ་ཁབ་སྟོབས་ཆེ་ཆུང་དང་། སོ་སོར་ཁེ་ཕན་ཡོད་མེད་ལ་བལྟས་ནས། འབྲེལ་བ་ཆགས་ཀྱི་ཡོད་ན་རྒྱབ་སྐྱོར་དང་། འབྲེལ་བ་ཆགས་ཀྱི་མེད་ན་བཏང་སྙོམས་སམ་ཡང་ན་སྣང་མེད་འཇོག་རྒྱུའི་རྣམ་པ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེ་འདྲའི་གནས་སྐབས་སུ་ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེའི་ནང་ཚུད་ཐབས་གནང་དགོས་པ། ཉེན་ཁ་དེ་ཚོར་ངོས་འཛིན་བྱེད་པའི་ཐོག་ནས་དེ་དག་སེལ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ཉེན་ཁ་དེ་ཚོ་སེལ་ཐུབ་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་ཐུབ་རྒྱུར་བློ་བསྐྱེད་དང་ཐབས་ལམ་འདྲ་པོ་གསར་པ་ཐོབ་རྒྱུ་གལ་ཆེན་པོ་རེད་འདུག མདོར་ན། དབུ་མ་འཇུག་པའི་ནང་གསལ་བ་ལྟར། བྱ་དེ་གནམ་ལ་ཕུར་ཡོང་དུས། ནམ་མཁའ་ཟད་ནས་བྱ་དེ་ཕུར་ས་མེད་པ་ཆགས་ཀྱི་ཡོད་མ་རེད། བྱ་དེ་རང་ཉིད་ཀྱི་ནུས་པས་མ་འདང་ནས་བབ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་རེད། དེ་ལྟར་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཧ་ལས་པའི་རྒྱ་ཆེན་པོ་རེད། ང་ཚོས་ཆ་ཚང་བ་ཞུ་ཐུབ་རྒྱུའི་གནས་བབ་ཡོད་མ་རེད། ང་ཚོས་ཞུ་མ་ཤེས་པ་དང་། ཚིག་གིས་མ་འདང་བའི་ཐོག་ནས་མཚམས་བཞག་དགོས་པ་ཆགས་ཀྱི་ཡོད་རེད། དངོས་གནས་བྱས་ན་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དཔེ་དེབ་པར་བསྐྲུན་ཙམ་མ་ཡིན་པར་ད་ལན་དེའི་ཐོག་བགྲོ་གླེང་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་དང་། དེ་རིང་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
དཔེ་དེབ་པར་བསྐྲུན་གྱི་ལས་གཞི་འདིར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་སྩལ་དར་སྤེལ་གླིང་གིས་མཐུན་འགྱུར་གནང་ཡོད་འདུག་པ་བཅས། །