༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བདམས་ཐོན་སྲིད་འཛིན་ཊོ་ནལྚ་ཀྲོམ་མཆོག་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་ཡོད།
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ངོས་ཀྱིས་ཡུན་རིང་ནས་ཨ་རི་ནི་མང་གཙོ་དང་། རང་དབང་། ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་རྒྱལ་ཁབ་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་གྱིས་ཡིད་སྨོན་བྱེད་ཀྱི་ཡོད་ལ། དེ་ལྟར་འཛམ་བུ་གླིང་གིས་ཨ་རིའི་མང་གཙོའི་འཆར་སྣང་དང་འགོ་ཁྲིད་ལམ་སྟོན་ལ་རེ་བ་ཆེན་པོ་བཅོལ་བཞིན་ཡོད། དེང་སྐབས་འཛམ་གླིང་ས་ཁུལ་ཁ་ཤས་ནང་ངེས་བརྟན་མེད་ཅིང་ཟིང་འཁྲུག་ལང་བཞིན་པའི་དུས་སྐབས་སུ་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཞི་བདེ་དང་བདེ་འཇགས་ཡོང་བའི་རེ་བ་བཅོལ་གྱི་ཡོད།
བོད་མི་རྣམས་དང་ངོས་རང་ལ་མཚོན་ན། ཨ་རིའི་སྲིད་འཛིན་རིམ་བྱོན་དང་མི་མང་གིས་ང་ཚོའི་གནའ་བོའི་ནང་པའི་རིག་གཞུང་སྟེ། འགྲོ་བ་མི་རིགས་ལ་ཕན་ནུས་འདྲེན་ཐུབ་མཁན་ཞི་བདེ་དང་འཚེ་བ་མེད་པ། བྱམས་བརྩེའི་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་བྱ་བར་རྒྱབ་སྐྱོར་གནང་བ་དེ་སྐལ་བ་བཟང་པོར་བརྩི་གི་ཡོད། ཅེས་དང་།
མཐར་མགོན་པོ་མཆོག་ནས་བདམས་ཐོན་སྲིད་འཛིན་མཆོག་ནས་ཨ་རིའི་མི་མང་གི་མངོན་འདོད་དང་། འཛམ་གླིང་ཞི་བདེའི་ཆེད་ཞབས་ཞུ་བསྒྲུབ་རྒྱུར་འཕྲད་སྲིད་པའི་འབྱུང་འགྱུར་གྱི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་ཡོད་པ་བཅས།།