༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༩ ཉིན་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་རྣམས་ལ་འཕྲུལ་ཆས་བེད་སྤྱོད་གཏོང་ཐབས་ཀྱི་ཟབ་སྦྱོང་ཉིན་གཅིག་རིང་གོ་སྒྲིག་གནང་ཡོད། ཟབ་སྦྱོང་ནང་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་དང་སློབ་གྲྭ་ཁག་གི་སློབ་སྤྱི། འགན་འཛིན་བཅས་ཁྱོན་མི་གྲངས་ ༢༤ མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་དེ་ཨ་ལོ་ཀིཊ་ (Alokit) གྱི་སློབ་སྟོན་པ་ཨིསི་མིཊ་གྷུ་ལ་ཊི་ (Ismeet Gulati) ལགས་དང་། ལ་ཝན་ཡ་ད་ཧི་ཡ་ (Lavanya Dahiya) ལགས། མོཧ་མད་ཨམ་ཛད་ (Mohd Amzad) ལགས་བཅས་ཀྱིས་སློབ་ཁྲིད་གནང་ཡོད་ལ། ཁོང་རྣམ་པས་འཕྲུལ་ཆས་ལག་ཆ་འདྲ་མིན་བེད་སྤྱོད་གཏོང་ཕྱོགས་སྐོར་ཆེད་ལས་རང་བཞིན་ལྡན་པའི་ཐོག་སློབ་སྟོན་གནང་ཡོད་པ་རེད། སྐབས་དེར་མཉམ་ཞུགས་པ་རྣམས་ནས་གྷུ་གྷལ་ (Google) གྱི་ལག་ཆ་བེད་སྤྱོད་གཏོང་སྟངས་དང་། ཆེད་ལས་རང་བཞིན་ལྡན་པའི་སློབ་ཁྲིད་བྱེད་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་སློབ་སྟོན་ཞུས་ཡོད་པ་མ་ཟད། ལས་གཞི་འདིས་སློབ་གྲྭའི་འགོ་ཁྲིད་རྣམས་ལ་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་དང་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།
གཞན་ཡང་མཉམ་ཞུགས་པ་རྣམས་ནས་ཤེས་ཡོན་སློབ་ཁྲིད་བྱེད་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན་འཕྲུལ་ཆས་བེད་སྤྱོད་གཏོང་ཕྱོགས་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་པའི་གལ་གནད་ངོས་འཛིན་གྱིས་ཨ་ལོ་ཀིཊ་ནས་མུ་མཐུད་སློབ་སྦྱོང་བྱ་འདུན་ཤུགས་ཆེ་བསྟན་ཡོད་པ་མ་ཚད། མཉམ་ཞུགས་པ་རྣམས་ཀྱིས་ཟབ་སྦྱོང་གོ་སྒྲིག་གནང་བར་ཤེས་རིག་ལས་ཁུངས་ལ་ཐུགས་རྗེ་ཆེ་ཞུས་པའི་ཐོག། ཟབ་སྦྱོང་འདི་ནས་རྨང་གཞི་བཏིང་བའི་ཐོག་མ་འོངས་པར་ཡང་དེ་ལྟ་བུའི་ཟབ་སྦྱོང་གོ་སྒྲིག་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བཅས།།