༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༩ ནས་སིཊ་ནི་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་རྒྱ་ནག་མང་གཙོ་མནའ་འབྲེལ་ཚོགས་པས་གོ་སྒྲིག་གནང་བའི་ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་རིགས་མང་གཙོ་དོན་གཉེར་བ་གྲགས་ཅན་དང་། མཁས་དབང་། ཐེ་ཝན་གྱི་དབུ་ཁྲིད་རྣམ་པ་ལྷན་འཛོམས་ཀྱིས། རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་མང་གཙོའི་ལས་འགུལ་གོང་འཕེལ་གཏོང་བར་ཐེ་ཝན་གྱི་མང་གཙོའི་དཔེ་མཚོན་གྱིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན་སྐོར་གྲོས་བསྡུར་གནང་ཡོད། ཚོགས་འདུ་དེར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱང་མཉམ་ཞུགས་གནང་ཡོད།
ཨོསྟྲེ་ལི་ཡཱ་རྒྱ་ནག་མང་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཅིན་ཅིན་ཀྲུང་ (Jingjing Zhong) ལགས་ཀྱིས་གཙོ་སྐྱོང་གནང་བའི་བགྲོ་གླེང་ཚོགས་འདུའི་ནང་མང་གཙོའི་ལྟ་གྲུབ་སྐོར་གྲོས་བསྡུར་ཙམ་མིན་པར། དམིགས་ཡུལ་གཅིག་གྱུར་གྱི་ཆེད་དུ་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ནུས་ཤུགས་རྣམས་གཅིག་སྒྲིལ་གྱིས་ཐབས་བྱུས་གཏན་འབེབས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད།
སྐུ་མགྲོན་གཙོ་བོ་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་གྱི་དབུ་ཁྲིད་གྲགས་ཅན་ཝང་ཏན་ (Wang Dan) ལགས་ཀྱིས་རྒྱ་ནག་གི་མང་གཙོའི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་སྐབས། ཁོང་གིས་དམིགས་ཡུལ་དེ་སྒྲུབ་པར་གཙོ་བོ་གནད་དོན་དྲུག་སྟེ། རྒྱབ་སྐྱོར་གྱི་རྨང་གཞི་སྲ་བརྟན་བཟོ་རྒྱུ་དང་། ས་གནས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ནང་ཤུགས་ཆེ་རུ་འཛུལ་ཞུགས་བྱ་རྒྱུ། མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ནུས་ཤུགས་རྣམས་གཅིག་སྒྲིལ་བྱ་རྒྱུ་སོགས་ཀྱི་སྐོར་གསུངས། དེ་བཞིན་ཁོང་གིས་བོད་རྒྱའི་དཀའ་རྙོག་སྐོར་ལའང་དགོངས་ཚུལ་གསུངས་ཏེ། བོད་མིའི་སྒྲིག་འཛུགས་ལ་བསྔགས་བརྗོད་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ཐབས་བྱུས་ནས་སློབ་སྦྱོང་བྱེད་འོས་པའི་གནད་དོན་མང་པོ་ཡོད་པ་གསུངས་ཡོད།
ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས། བོད་རྒྱ་མི་མང་མཛའ་འབྲེལ་དང་དེའི་མདུན་ལམ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་རྒྱ་ནག་ནང་མང་གཙོའི་བཅོས་སྒྱུར་ལ་ཐེ་ཝན་གྱི་མང་གཙོ་དེ་དཔེ་མཚོན་དུ་འོས་པ་ཞིག་ཡིན་པར་ངོས་འཛིན་གནང་བའི་ཐོག རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་མིའི་དབར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ལྷག་པར་ཕན་ཚུན་གྱི་མཉམ་ལས་དེ་གོང་མཐོར་གཏོང་དགོས་པའི་ནན་བརྗོད་གནང་ཡོད། དེ་མ་ཟད་ཁོང་གིས་རྒྱ་བོད་གཉིས་ས་བབ་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཟབ་པོ་ཡོད་སྟབས། བོད་རང་བཙན་གྱི་ལོ་རྒྱུས་དང་། ད་ལྟའི་བཙན་བཟུང་འོག་གི་གནས་སྟངས་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ། ས་ཁུལ་གཉིས་དབར་ཕན་ཚུན་གུས་བརྩི་དང་དོན་དང་ལྡན་པའི་གྲོས་མོལ་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད།
བགྲོ་གླེང་ཚོགས་འདུ་དེར་ཨ་རི་ནས་རྒྱ་ནག་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ལི་ཆུན་ཁྲེན་ (Liqun Chen) ལགས་དང་། རྒྱལ་སྤྱིའི་རྒྱ་ནག་མང་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་དྲུང་ཆེ་ཆིན་མིན་ཆིང་ (Xinmin Qing) ལགས། རྒྱ་ནག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཅིན་ཞིའུ་ཧོང་ (Xiuhong Jing) ལགས་སོགས་མང་གཙོ་དོན་གཉེར་བ་ཁག་ཅིག་ཕེབས་ཞུགས་གནང་ཡོད་པ་བཅས།།