༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༥ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་རྒྱལ་སྤྱིའི་བུད་མེད་དང་ཕྲུ་གུ་བུ་མོར་འཚེ་བ་སྤོང་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོ་དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ངོས་ནས་གོ་སྒྲིག་ཞུས་ཤིང་། སྐབས་དེར་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕེབས་ཏེ་གསུང་བཤད་གནང་ཡོད།
མཛད་སྒོའི་ཐོག་མར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་ནས་ཉིན་མོའི་སྐོར་དང་། ལས་གཞི་ཁག་གི་སྐོར་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཉིན་མོ་དེའི་གལ་གནད་སྐོར་གསུང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟླ་བ་ ༡༡ ཚེས་ ༢༥ ཉིན་བུད་མེད་ཐོག་འཚེ་བ་སྤོང་བའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཉིན་མོ་དེ་ནི་ཌོ་མི་ནི་ཁན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ནང་རཱ་ཧྥེལ་ཊི་རུ་ཇི་ལོའི་ (Rafael Trujillo) སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་གནང་མཁན་མི་རཱ་བྷལ་སྲིང་མོ་གསུམ་ (Mirabal Sisters) ལ་ཕྱི་ལོ་ ༡༩༦༠ ཟླ་བ་ ༡༡ ཚེས་ ༢༥ ཉིན་དམར་གསོད་བཏང་བར་རྗེས་དྲན་ཞུ་ཆེད་འདེམས་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཉིན་མོ་དེ་ནི་འཛམ་གླིང་ཡོངས་སུ་བུད་མེད་ཐོག་འཚེ་བ་རིགས་འགོག་ཐབས་དང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་མུ་མཐུད་བྱེད་བཞིན་པར་དྲན་སྐུལ་ཞུ་རྒྱུའི་ཉིན་མོ་ཞིག་ཀྱང་ཡིན་པ་གསུངས།
དེ་མཚུངས་ཁོང་མོས་ཕོ་མོ་སོགས་རྟགས་ཀྱི་དབྱེ་བའི་སྒོ་ནས་འཚེ་བའི་བྱ་སྤྱོད་དེ་ནུབ་ཕྱོགས་རྒྱལ་ཁབ་ཁོ་ནར་དར་སྲོལ་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་ལམ་ལུགས་དེ་འདྲ་མེད་པ་འདོད་པ་དེ་ནི་རང་སྣང་གི་ནད་རྟགས་ (Denial Syndrome) ཤིག་ཡིན་པ་གསུངས། བོད་མི་ཚོས་བསམ་བློ་དེ་རིགས་ལ་ཁ་གཏད་གཅོག་དགོས་པ་དང་། བཙན་བྱོལ་དུ་གནས་པའི་བོད་མི་ཚོས་རང་དབང་འཐབ་རྩོད་བྱེད་བཞིན་པའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། ཕོ་མོ་གཉིས་ཀར་མ་འོངས་བོད་པའི་སྤྱི་ཚོགས་བཟང་དུ་གཏོང་རྒྱུའི་ཐད་འགན་འཁྲི་གཅིག་མཚུངས་ཡོད་པ་མ་ཟད། བྱ་སྤྱོད་དེ་རིགས་བྱུང་སྐབས་གནོད་འཚེ་འཕོག་མཁན་ཙམ་མ་ཡིན་པར་སྤུན་ཉེ་ཚང་མར་གནོད་འཚེ་འཕོག་གི་ཡོད་པས་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དང་། ལྷག་པར་བུད་མེད་ཅིག་ཡིན་པའི་ཆ་ནས་ཕན་ཚུན་སེམས་ཤུགས་དང་། རྒྱབ་སྐྱོར་གནང་དགོས་གལ་ཡིན་ཞེས་གསུངས།
དེ་རྗེས་ལྷན་ཁང་ནང་ཁུལ་དྲི་རྩེད་དང་། གྱོན་ཆས། སྦྱར་ཡིག་འགྲན་བསྡུར་བཅས་ཀྱི་སྒོ་ནས་ཉིན་མོ་དེ་བཞིན་སྲུང་བརྩི་ཞུས་ཡོད་པ་དང་། ལས་འགུལ་དེ་ཨ་རིའི་རོགས་ཚོགས་ (USAID) དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གཉིས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།