༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། ཇག་ཇི་ཝན་རམ་གྲོས་ཚོགས་ཉམས་ཞིབ་དང་སྲིད་དོན་རིག་པའི་བསྟི་གནས་ཁང་། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ཀྱི་གོ་སྒྲིག་འོག་རྒྱ་གར་བི་ཧཱར་མངའ་སྡེའི་རྒྱལ་ས་པཊ་ནཱར་རྒྱ་དཀར་ནག་གི་འབྲེལ་ལམ་དང་བོད་ཀྱི་རང་དབང་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་མཆོག་དང་སྐུ་མགྲོན་གཞན་རྣམས་ནས་མར་མེ་ཞལ་ཕྱེ་དང་། འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་གྲུབ་མཚམས་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྐུ་མགྲོན་གཙོ་བོར་མགུལ་དར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཧིན་དཱིའི་ཡིག་སྒྱུར་ཕྱག་དེབ་ཕུལ་ཡོད།
དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་འབུམ་རམས་པ་སན་ཇེ་པས་ཝན་ (Dr. Sanjay Paswan) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་འབུམ་རམས་པ་རཱམ་ཅན་དྲ་པུར་ཝེ་ (Dr. Ram chandra Purve) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་པ་སློབ་དཔོན་ཨ་ནནྡ་ཀུ་མཱར་ (Professor Anand Kumar) ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་པདྨ་མཁའ་འགྲོ་བྷུ་ཊི་ཡ་ལགས། བི་ཧཱར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧ་རེན་དྲ་ཀུ་མཱར་ལགས། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་བཅས་ཕེབས་ཞུགས་གནང་ཡོད།ཚོགས་འདུའི་ཐོག་འབུམ་རམས་པ་སན་ཇེ་པས་ཝན་ལགས་ནས་རྒྱ་གར་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་སླད་ཐབས་བྱུས་ཁག་གི་སྐོར་དང་། མང་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་གལ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་རྒྱ་གར་གཞུང་ནས་ཐེ་བྱུས་བྱེད་དགོས་པའི་ནན་བརྗོད་གནང་བ་མ་ཟད། ཁོང་རང་ཉིད་ནས་བོད་དོན་དང་། བོད་མིའི་ཆེད་དུ་ཞུ་གཏུག་གནང་རྒྱུའི་ཞལ་ལེན་གནང་ཡོད།
དེ་རྗེས་འབུམ་རམས་པ་རཱམ་ཅན་དྲ་པུ་ཝེ་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པར་བསྔགས་བརྗོད་དང་། ཁོང་ལ་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་བྱེད་ལས་ཁག་དངོས་སུ་གཟིགས་ཡོད་སྐོར། དེ་བཞིན་དགོན་སྡེ་ཁག་དང་། བོད་ཀྱི་འགྲེམས་སྟོན་ཁང་། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་དང་ལྷན་བཀའ་མོལ་གནང་བའི་མྱོང་ཚོར་སོགས་གསུངས་ཡོད།
དེ་མཚུངས་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་དང་། ཕྱི་ལོ་ ༡༩༤༧ ལོར་ཨེ་ཤི་ཡའི་ཚོགས་འདུ་ཆེན་མོའི་ཐོག་བོད་རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་མཉམ་ཞུགས་གནང་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་དང་རྒྱ་གར་དབར་འབྲེལ་ལམ་ཡག་པོ་ཡོད་སྐོར་དང་། བོད་ནང་དུ་ནང་ཆོས་ཐོག་མར་རྒྱ་གར་ནས་བྱུང་ཚུལ་དང་འབྲེལ། འཕགས་བོད་གཉིས་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར་འགྲེལ་བརྗོད་གནང་སྟེ་རྒྱ་གར་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་ཡོད།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱི་གསུང་བཤད་ཧིན་དི་སྐད་དུ་སྐད་བསྒྱུར་གནང་སྐབས་བོད་དང་རྒྱ་གར་གཉིས་ལོ་རྒྱུས་རང་བཞིན་ལྡན་པའི་སྐོར་དང་། བོད་ཀྱི་ལོ་རྒྱུས། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་སླད་བོད་ནང་དུ་བཙན་དབང་གིས་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་ཡོད།
དེ་རྗེས་སློབ་དཔོན་ཨ་ནནྡ་ཀུ་མཱར་ལགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེས་བོད་ཙམ་མ་ཡིན་པར་རྒྱ་གར་གྱི་བདེ་འཇགས་དང་། རྒྱལ་ཁབ་ཀྱི་དམིགས་ཡུལ་དང་བང་མཛོད་ལའང་གནོད་སྐྱོན་འཕོག་ཡོད་སྐོར་འགྲེལ་བརྗོད་གནང་གྲུབ་མཚམས་སྐུ་ཞབས་ཧ་རེན་དྲ་ཀུ་མཱར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཏེ་ཉིན་དང་པོའི་ལས་རིམ་གྲུབ་ཡོད།
ཕྱི་ཚེས་ ༡༧ ཏེ་ཉིན་གཉིས་པའི་ཐོག་མངའ་ཁུལ་སོ་སོའི་ལས་འགུལ་སྤེལ་བ་ཁག་བསྐྱར་ཞིབ་དང་། བོད་དོན་གོ་རྟོགས་ཐོག་གཞོན་སྐྱེས་མཉམ་ཞུགས་སྐོར་གྲོས་མོལ་གནང་སྐབས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཞོན་སྐྱེས་སྡེ་ཚན་གྱི་ཚོགས་གཙོ་པྲ་ཤཱནྟ་གཽ་ཏམ་ལགས་ཀྱིས་འཕགས་བོད་གཉིས་ཀྱི་གཞོན་སྐྱེས་རྣམས་ནས་མཉམ་ཞུགས་གང་མང་གནང་དགོས་གལ་ཡིན་ཞེས་གསུངས་ཡོད།
མཇུག་བསྡོམས་མཛད་སྒོའི་ཐོག་སྭ་མི་ས་ཧ་ཇ་ནནྡ་ས་རསྭ་ཏི་ཐེབས་རྩ་ (Swami Sahajanand Saraswati Trust) ནས་འབུམ་རམས་པ་སཏྱ་ཇིཏ་སིན་ཧ་ལགས་དང་། བི་ཧཱར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་མ་ནོཇ་ཀུ་མཱར་ལགས། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་བཅས་ཕེབས་ཡོད།དེ་ཡང་སྐུ་མགྲོན་གཙོ་བོ་འབུམ་རམས་པ་སཏྱ་ཇིཏ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་སླད་མཛད་རྗེས་ལ་བསྔགས་བརྗོད་དང་། བོད་མིའི་ཐབས་རྩོད་ཐོག་མི་ཚེ་གང་པོར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། སྐབས་དེར་རྒྱལ་ཡོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་སུ་རེན་དྲ་ཀུ་མཱར་ལགས་ཀྱིས་ཉིན་གཉིས་རིང་གི་གྲོས་ཆོད་ཁག་དང་། ལས་གཞི་རྣམས་ངོ་སྤྲོད་གནང་ཡོད། གཞན་ཡང་ཚོགས་འདུ་འདི་བརྒྱུད་བི་ཧཱར་དང་ཇཱར་ཁནྡ་མངའ་སྡེའི་གཞུང་གཉིས་ནས་མངའ་སྡེ་དེ་དག་གི་ནང་དུ་ནང་ཆོས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དང་། བོད་མི་དགུན་དུས་སུ་ཊར་ཚོང་པ་རྣམས་ལ་མཐུན་འགྱུར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་སྦྲགས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཉིན་མོར་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་ཞུས་ཡོད།
ཚོགས་འདུ་དེར་རྒྱ་གར་ས་ཁུལ་ ༢༣ གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ ༡༥༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་རྒྱུའི་ལངས་ཕྱོགས་ནན་བརྗོད་གནང་བ་མ་ཟད། གཞོན་སྐྱེས་རྣམས་ནས་བོད་དོན་ཐོག་དོ་སྣང་དང་མཉམ་ཞུགས་གོང་མཐོར་བཏང་ཐུབ་པ་བྱུང་ཡོད་པ་བཅས།།