༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༦ ཉིན་རྒྱ་གར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་བཙུགས་ནས་ལོ་ངོ་གསུམ་འཁོར་བའི་ཉིན་མོ་དེ་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་རྣམ་པ་འདྲ་མིན་ཐོག་ནས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཏེ་སྲུང་བརྩི་ཞུས་ཡོད།
དེ་ཡང་ལྡི་ལི་ནང་གི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཤྲྀ་རཱམ་མཐོ་སློབ་ (Shri Ram College of Commerce) ཏུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་བསྟན་འཛིན་ཆོས་བཟང་ལགས་ཀྱིས་ཚོང་རིག་སློབ་ཕྲུག་བཞི་བཅུར་བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་ཞིག་སྤེལ་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་བཞིན་པའི་སྐོར། དེ་བཞིན་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་འོག་བོད་མི་ཚོས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་པའི་གཏན་འཇགས་སློབ་གྲྭའི་དཀའ་ངལ་སོགས་ཛ་དྲག་གི་གནད་དོན་ཁག་ངོ་སྤྲོད་གནང་བའི་ཐོག བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ནན་པོ་ཞུས་ཡོད། ལས་རིམ་འདིར་སློབ་ཕྲུག་ཚོས་དོ་སྣང་ཆེན་པོ་བྱས་ཏེ། བོད་ཀྱི་མ་འོངས་པའི་གནད་དོན་སྐོར་གླེང་སློང་དང་། སློབ་ཕྲུག་གཅིག་གིས། ང་ཚོས་བོད་རང་དབང་མྱུར་དུ་ཐོབ་པའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་པ་དེས་རྒྱ་གར་གྱི་གཞོན་སྐྱེས་ཚོས་བོད་ཀྱི་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་པ་མཚོན་ཡོད།དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་གི་ཀྲི་སི་ཏུ་ཇ་ཡན་ཏི་མཐོ་སློབ་ (Kristu Jayanti College) ཏུ་སློབ་གྲྭའི་འགོ་ཁྲིད་རྣམ་པ་དང་། སློབ་ཕྲུག་ཚོར་བོད་དོན་སྐོར་གོ་རྟོགས་སྤེལ་ཡོད། དེ་ཡང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་བསྟན་འཛིན་ཆོས་དབྱངས་ལགས་དང་། དབྱངས་ཅན་སྒྲོལ་མ་ལགས། བསྟན་འཛིན་ཆོས་འཛོམས་ལགས། བདེ་ཆེན་ཆོས་འཛོམས་ལགས། འཛོམས་པ་ལགས་བཅས་ཀྱིས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁྲིམས་ལུགས་སློབ་ཚན་དང་རྒྱལ་སྤྱིའི་འབྲེལ་ལམ་ལས་ཁུངས་ཀྱི་འགན་འཛིན་ཕ་ཐར་ཨི་མེ་ནུ་ཝལ་པི་ཇེ་(Emmanuel P.J) ལགས་དང་མཇལ་འཕྲད་གནང་བ་མ་ཟད། སེམས་ཁམས་རིག་པའི་སློབ་ཕྲུག་དྲུག་ཅུར་བོད་ཀྱི་ས་བབ་གལ་གནད་དང་། ད་ལྟའི་ཆབ་སྲིད་ཀྱི་དཀའ་ངལ་སྐོར་ཞིབ་ཕྲའི་གཏམ་བཤད་སྤེལ་ཡོད།
དེ་བཞིན་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས་བོད་ཀྱི་ས་མཚམས་དང་། རྒྱལ་ཁབ་ཀྱི་མཚོན་རྟགས། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གི་བཙན་འཛུལ་མ་བྱུང་གོང་གི་བོད་རང་བཙན་གྱི་གནས་བབ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་བྱས་ཡོད། ལས་རིམ་དེའི་ནང་ཁོར་ཡུག་ཉམས་ཆག་དང་། མི་རིགས་དབྱེ་འབྱེད་བྱེད་མཁན་གཏན་འཇགས་སློབ་གྲྭ་བརྒྱུད་བཙན་དབང་གིས་རིག་གཞུང་བསྲེས་ལྷད་དང་། རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་མཁན་མང་དག་བྱུང་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་བའི་ཐོག རྒྱལ་སྤྱིའི་ཆབ་སྲིད་ནང་བོད་དོན་གལ་ཆེ་ཚུལ་དང་། དེ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་གོ་རྟོགས་སྤེལ་ཡོད།དེ་མཚུངས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ནས་གཞུང་གི་འཕྲུལ་ལས་དང་བཟོ་སྐྲུན་མཐོ་སློབ་ཏུ་མི་གྲངས་ ༢༥༠ ཙམ་ལ་བོད་དོན་གོ་རྟོགས་ལས་འགུལ་སྤེལ་ཡོད། དེ་ཡང་ཀརྨ་རྡོ་རྗེ་ལགས་དང་། བསྟན་འཛིན་ཟླ་སྒྲོན་ལགས། བསྟན་འཛིན་ལྷ་སྒྲོན་ལགས་བཅས་ཀྱིས་སྣེ་ཁྲིད་པའི་དང་བླངས་ལས་འགུལ་བ་ཚོས་བོད་དོན་གནས་ཚུལ་འཁོད་པའི་ཤོག་ལྷེ་གྲངས་ ༢༠༠ ཙམ་བཀྲམས་ཏེ་གནད་དོན་གཙོ་བོ་གཉིས་ཐོག་གོ་རྟོགས་སྤེལ་ཡོད།
དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས་རྒྱ་ནག་གིས་བཙུགས་པའི་མི་རིགས་དབྱེ་འབྱེད་བྱེད་མཁན་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་ཚོར་བཙན་དབང་གིས་བཅུག་སྟེ། རིག་གཞུང་བསྲེས་ལྷད་བཏང་བའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་འགྲེལ་བརྗོད་དང་། དེ་བཞིན་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྩོད་གླེང་ཅན་གྱི་ཁོར་ཡུག་སྲིད་བྱུས་གཏན་འབེབས་དང་། ཁྱད་པར་དུ་ས་ཁུལ་གྱི་སྐྱེ་ཁམས་དང་བོད་ཀྱི་གཙང་ཆུར་རྟེན་མཁན་གཤམ་འོག་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོ་བཞིན་ཡོད་སྐོར་གསལ་བཤད་གནང་ཡོད།
དྷ་ས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་ཀུན་བཟང་བསྟན་འཛིན་ལགས་དང་། བསྟན་འཛིན་ལྷ་མཚོ་ལགས། བསྟན་འཛིན་བློ་ལྡན་ལགས་བཅས་ཀྱིས་སྣེ་ཁྲིད་པའི་དང་བླངས་ལས་འགུལ་བ་རྣམས་ཀྱིས་དྷ་སའི་ཡུལ་སྐོར་སྤྲོ་འཆམ་པ་དང་། ཕྱི་མི་རྣམས་ལ་བོད་དོན་གོ་རྟོགས་སྤེལ་ཆེད་བོད་ནང་གི་ཛ་དྲག་གནད་དོན་གསུམ་ཐོག་འགྲེམས་སྟོན་སྦྱར་ཡིག་གི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་དེ་བརྒྱུད་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་བཙན་ཁྲིད་བྱས་པའི་གནད་དོན་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཆེད་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དབང་སྒྱུར་དྲག་གནོན་ལ་ངོ་རྒོལ་གནང་ཡོད་སྐོར། རྒྱ་ནག་གཞུང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཆེད་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་བཙན་འཇུག་བྱེད་བཞིན་པའི་ཛ་དྲག་གནས་སྟངས་གསལ་སྟོན་དྲིལ་བསྒྲགས་གནང་ཡོད་པ་བཅས།།