༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༧ ཉིན་ཆོས་རིག་དྲུང་ཆེ་དང་དྲུང་འཕར་རྣམ་གཉིས་ནས་འདི་གའི་སྐུ་མགྲོན་ཝེཏ་ནམ་ནང་པའི་ཆོས་ཚོགས་ (Vietnam Buddhist Sangha) ཀྱི་ཆེས་མཐོའི་མཁན་པོའི་ལྷན་ཚོགས་ཀྱི་ཚོགས་མི་བླ་ཆེན་ཐིག་ཊམ་ཊྲི་ (His Eminence Thich Tam Tri, Member of Supreme Patriarch Council of VBS) མཆོག་དང་། ཝེཏ་ནམ་ནང་པའི་ཆོས་ཚོགས་ཀྱི་འཛིན་སྐྱོང་རྒྱུན་ལས་དང་ཝེཏ་ནམ་ནང་པའི་ཉམས་ཞིབ་བསྟི་གནས་ཁང་གི་ངེས་སྟོན་པ་གཞོན་པ་ཐིག་ཊམ་ཌུཀ་ (Most Ven. Thich Tam Duc) མཆོག ཀེ་ན་ཌར་རྟེན་གཞི་བྱས་པའི་ཝེཏ་ནམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐིག་བོན་དཱཏ་ (Most Ven. Thích Bổn Đạt) མཆོག ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཝེཏ་ནམ་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཐིག་ནཱཐ་ཏུ་ (Most Ven. Thich Nhat Tu) མཆོག ཨིན་ཡུལ་རྟེན་གཞི་བྱས་པའི་ཝེཏ་ནམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐིག་ལེ་ངུ་ཡེན་ (Most Ven. Thich Le Nguyen) མཆོག ཝེཏ་ནམ་དུ་ཝཧེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཐིག་དོན་ཐན་ (Most Ven. Dr. Thich Dong Thanh) མཆོག འབུམ་རམས་པ་ཐིག་གེཀ་ཧིཔ་ (Most Ven. Dr. Thich Giac Hiep) མཆོག་དང་། དེ་བཞིན་ཆོས་ཚོགས་ཀྱི་ཚོགས་མི་ངོ་ཊྲི་ཝིན་ (Ven. Ngo Tri Vien) ལགས་དང་། ཝེཏ་ནམ་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་པཱ་ལིའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཙུན་མ་འབུམ་རམས་པ་དིའུ་ཧིའུ་ (Bikkhuni Dr. Dieu Hieu) ལགས། ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་ཝེཏ་ནམ་ལྷ་ཁང་གི་མཁན་མོ་བཙུན་མ་འབུམ་རམས་པ་གཱིཀ་ལེ་ཧིའུ་ (Bhikhuni Dr.Giac Le Hieu) ལགས་བཅས་ཀྱིས་དབུས་པའི་ཚོགས་མི་ཁྱོན་ ༤༥ ལ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཉིན་ཆུ་ཚོད་ ༡༢།༣༠ ཙམ་ལ་སྐུ་ཚབ་རྣམ་པ་གགྒལ་གནམ་ཐང་དུ་ཕེབས་འབྱོར་སྐབས་ཆོས་རིག་དྲུང་ཆེ་དང་དྲུང་འཕར་རྣམ་གཉིས་ནས་ཕེབས་བསུས་ཀྱིས་བཞུགས་གནས་མགྲོན་ཁང་བར་སྣེ་ལེན་ཞུས། ཆུ་ཚོད་ ༢།༠༠ ཐོག་འདི་ལས་ནས་གོ་སྒྲིག་ཞུས་པ་བཞིན་བླ་ཆེན་ཐིག་ཊམ་ཊྲི་རིན་པོ་ཆེ་མཆོག་དབུས་པའི་ཚོགས་མི་ཚང་མ་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་ཕེབས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་སྐུ་མགྲོན་རྣམ་པར་བོད་ཀྱི་དཔེ་མཛོད་ཁང་གི་ངོ་སྤྲོད་དང་སྦྲགས་སྣེ་ཤེན་གཟབ་རྒྱས་གནང་།
དེ་བཞིན་ཆུ་ཚོད་ ༣།༠༠ ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་སྐབས་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་ཚེ་རིང་ནོར་བུ་ལགས་ནས་ངོ་སྤྲོད་དང་སྣེ་ཤེན་གཟབ་རྒྱས་གནང་བ་དང་། དེ་རྗེས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས་སྐུ་ཚབ་རྣམ་པར་ཕྱག་རྟགས་ཕུལ། ཆུ་ཚོད་ ༤།༣༠ བོད་ཀྱི་ཟློས་གར་དུ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་སྐུ་ཚབ་རྣམ་པར་ཕེབས་བསུ་དང་སྦྲགས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། འཁྲབ་སྟོན་གྲུབ་མཚམས་དགོང་ཚིགས་འདེགས་འབུལ་ཞུས་པ་བཅས་སོ།། །།