༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ པ་ (COP29) ཨཱ་ཛར་བཱཡེ་ཇན་གྱི་རྒྱལ་ས་བྷ་ཀུ་རུ་དབུ་འཛུགས་གནང་ཡོད་པ་དང་བསྟུན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་། ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་གཉིས་ནས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་དང་ཞུ་གཏུག་གནང་ཡོད།
དེ་ཡང་ཁོར་ཡུག་ཚོགས་ཆེན་གྱི་ཉིན་དང་པོར་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་དོན་གྲུབ་དབང་མོ་ལགས་གཉིས་ནས་བོད་ཀྱི་ཁོར་ཡུག་སྤྱི་དང་། བྱེ་བྲག་ཏུ་རྒྱ་ནག་གཞུང་གིས་བོད་སྡེ་དགེ་རུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལ་བརྟེན་བོད་ཀྱི་རང་བྱུང་ཁོར་ཡུག་དང་བོད་མིའི་ཆོས་དང་རིག་གཞུང་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་གསལ་སྟོན་དང་འབྲེལ། དེ་དོན་ངོ་སྤྲོད་དེབ་ཆུང་བགོ་འགྲེམས་དང་། མི་སྣ་མཇལ་འཕྲད་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ཞུ་གཏུག་གནང་ཡོད།
ངོ་སྤྲོད་དེབ་ཆུང་ནང་འབྲི་ཆུའི་ཆུ་མཛོད་ཀྱི་ཤུགས་རྐྱེན་སྐོར་དང་། ལྷག་པར་དེས་སྐྱེ་ཁམས་ཁོར་ཡུག་གི་གལ་གནད་ཙམ་མ་ཟད། ས་གནས་བོད་མིའི་སྤྱི་ཚོགས་ལའང་གནོད་ཤུགས་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བ་ལྟར། བདེ་ཆེན་དཔལ་མོ་ལགས་ཀྱིས། ང་ཚོའི་དམིགས་ཡུལ་ནི་འབྲི་ཆུ་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱབ་སྐྱོར་འཚོལ་སྒྲུབ་བྱ་རྒྱུ་དང་། བོད་ཀྱི་རང་བྱུང་དང་རིག་གཞུང་གི་རྒྱུན་འཛིན་ལ་ཕྱིར་ལྡོག་མི་ཐུབ་པའི་གནོད་སྐྱོན་འགོག་ཐབས་བྱ་རྒྱུ་དེ་ཡིན། ཞེས་འགྲེལ་བརྗོད་གནང་།
བདེ་ཆེན་དཔལ་མོ་ལགས་དང་དོན་གྲུབ་དབང་མོ་ལགས་གཉིས་ཀྱི་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་གཞུང་འབྲེལ་ཚོགས་འདུ་དང་ཟུར་ཚོགས་སུ་མཉམ་ཞུགས་དང་། གཞུང་གི་ལས་ཁུངས་སོགས་སུ་ཕེབས་ཏེ་བོད་ཀྱི་རང་བྱུང་གནོད་བཅུད་རྟེན་འབྲེལ་ཉམས་བཞིན་པ་དང་། བོད་མཐོ་སྒང་དུ་ཆུ་གློག་ཆེད་ཆུ་མཛོད་ཆེན་པོ་དུ་མ་བརྒྱབ་པ་ལ་བརྟེན་ནས་རང་བྱུང་ཁམས་ལ་གནོད་སྐྱོན་ཇི་ཡོད་སོགས་ཀྱི་སྐོར་འགྲེལ་བརྗོད་དང་ཞུ་གཏུག་གནང་ཡོད།
དོན་གྲུབ་དབང་མོ་ལགས་ཀྱིས། སྡེ་དགེའི་ཆུ་མཛོད་ལས་གཞི་ནི་ས་གནས་ཀྱི་གནད་དོན་ཙམ་མ་ཡིན་པར། ས་ཁུལ་གྱི་ཆུའི་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ང་ཚོ་འདིར་བོད་ཀྱི་ཁོར་ཡུག་དང་དེ་ལ་བརྟེན་པའི་མི་མང་གཉིས་ཀའི་བདེ་དོན་ལ་སྨན་པའི་རྒྱུན་བརྟན་ཐབས་ལམ་ཞིག་གི་ཆེད་རྒྱབ་སྐྱོར་འཚོལ་བར་ཡོང་བ་ཡིན། ཞེས་གསུངས།
བོད་མིའི་སྐུ་ཚབ་རྣམ་པས་གཞུང་འབྲེལ་བགྲོ་གླེང་འདྲ་མིན་ནང་མཉམ་ཞུགས་དང་། ལས་ཁུངས་ཁག་ཏུ་ཞུ་གཏུག་བརྒྱུད་བོད་ཀྱི་གཙང་པོ་དང་། མཉེན་ཆ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་སྒྲུབ་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་སྡེ་དགེའི་ཆུ་མཛོད་ཀྱི་ལས་གཞི་འགོག་ཐབས་སུ་རྒྱབ་སྐྱོར་འཚོལ་སྒྲུབ་གནང་གི་ཡོད་པ་བཅས།།