༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༦ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཁྲི་འདོན་མཛད་སྒོ་དང་། ཚེས་ ༢༧ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་རྣམ་གཉིས་ལ་དགའ་ལྡན་ཁྲི་ཐོག་ཁང་དུ་རི་བོ་དགེ་ལྡན་སྤྱི་དང་། བོད་མིའི་སྒྲིག་འཛུགས་ནས་བརྟན་བཞུགས་བསྟར་འབུལ་སྐབས་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་དུ་མགྲོན་འབོད་གནང་བ་བཞིན་ཆེད་ཕེབས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགའ་ལྡན་ཕུ་ཁང་ཁང་ཚན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག བོད་མི་མང་སྤྱི་འཐུས་རྣམ་པ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཡང་སྟེང་རིན་པོ་ཆེ། དཔལ་ས་སྐྱ་པའི་སྒྲོལ་མ་ཕོ་བྲང་གི་སྐུ་ཚབ། ཤར་བྱང་གྲྭ་ཚང་གཉིས་ཀྱི་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་པའི་གདན་གསུམ་གྲྭ་ཚང་དྲུག་དང་གདན་ས་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་གཙོས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས། མོན་གྷོ་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། དགོན་སྡེ་གྲྭ་ཚང་སོ་སོའི་འཐུས་མི་སྐུ་ཚབ་རྣམ་པ། གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་བཅས་ནས་དུང་རྒྱ་སྤོས་སྣེ་དབུ་གདུགས་དང་བཅས་གསེར་སྦྲེངས་ཐོག་དགའ་ལྡན་ཚོགས་ཆེན་དུ་གདན་འདྲེན་ཞུས།དེ་ནས་སྐུ་ཕྱག་དང་ཐུགས་སྨོན་མཚམས་སྦྱོར་གྱིས་མཆོད་འབྲས་ཐོར་གནང་བ་དང་། རྟེན་གཙོ་ཁག་ལ་སྙན་ཤལ་གྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་། དགོན་པའི་གནས་གཟིགས་གྲུབ་མཚམས་ནས་མི་འཇིགས་གདོང་ལྔའི་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞུགས་གསོལ་མཛད་ནས་ཚོགས་ཆེན་དབུ་མཛད་ནས་དཔལ་ལྡན་ཡོན་ཏན་དབུ་བསྐུལ་གྱི་གསེར་ཁྲི་མངའ་གསོལ་གྱི་ཁྲི་འདོན་མཛད་སྒོ་དངོས་གཞི་ཚོགས་གནང་ཞིང་། མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ནས་དགའ་ལྡན་ཁྲི་རིན་པོ་ཆེར་ཚེ་དཔག་མེད་སྐུ་འདྲ་འདེགས་འབུལ་ཞུས། མཛད་སྒོ་གྲུབ་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགའ་ལྡན་ཚོགས་ཆེན་དུ་གདན་ཞུས་ཀྱིས་ལམ་རིམ་གསུང་ཆོས་བསྩལ།
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ ༦།༡༠ ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཁྲི་ཐོག་ཁང་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཡང་སྟེང་རིན་པོ་ཆེ་མཆོག ཤར་རྩེ་མཁན་རིན་པོ་ཆེ་རྣམ་གསུམ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། གསོལ་འདེབས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སྐབས་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། གནད་ཡོད་སྐུ་མགྲོན་རྣམ་པ་དང་། དགེ་ལྡན་བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པས་རིམ་བཞིན་མཇལ་ཁ་ཞུས་ཤིང་། གཏང་རག་མཎྜལ་འདེགས་འབུལ་ཞུ་སྐབས་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེས་མཎྜལ་རྟེན་གསུམ་དང་། དགའ་ལྡན་ཁྲི་ཐོག་ཁང་གི་ལས་བྱེད་རྣམ་པས་མཇལ་ཁ་ཞུས་ཏེ་བརྟན་བཞུགས་ཀྱི་མཛད་རིམ་གྲུབ།། །།