༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༤ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་ (Sager Science Centre) དུ་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་ཐབས་བྱུས་ཀྱི་ཚོགས་འདུ་འགོ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༤ ཉིན་རྒྱབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཨ་རིའི་རོགས་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་མརྐ་ཊེ་ཇེན་ཕེལཊ་ (Mark Tegenfeldt) ལགས། རྒྱ་གར་གནས་འཁོད་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་འགན་འཛིན་ལི་ལ་མུ་ལུ་ཀུཊ་ལ་ (Leela Mulukutla) ལགས། དེ་བཞིན་ཟབ་སྦྱོང་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་ལགས། ཚོགས་དྲུང་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་ལྷན་ཞུགས་གནང་ཡོད།སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་ཆེད་འདི་ལྟ་བུའི་ཟབ་སྦྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་དགོས་མཁོ་དང་བསྟུན་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་ཐབས་བྱུས་ནང་ལྟ་ཀློག་བྱེད་མཁན་དམིགས་འབེན་བཟུང་ས་གཙོ་བོ་གསུམ་ཡོད་པ་ནི། རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱ་རིགས་མི་མང་། བོད་མི་ཡིན་པ་དང་། ལྟ་ཀློག་བྱེད་མཁན་རིགས་དེ་དག་གི་དོ་སྣང་བྱེད་ཡུལ་ལ་དམིགས་ཏེ། ཐབས་བྱུས་སྒྲིག་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།
ཟབ་སྦྱོང་འདི་བཞིན་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གིས་གོ་སྒྲིག་གནང་བ་དང་ཨ་རིའི་རོགས་ཚོགས་ (USAID) ནས་མ་དངུལ་བཏང་གནང་ཡོད། །