༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢ ནས་ ༦ བར་ཡུ་རོབ་ཇར་མན་རྒྱལ་ས་བྷར་ལེན་ནང་གྲོས་ཚོགས་འཐུས་མི་དང་། གཞན་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་ཇར་མན་རྒྱལ་ཁབ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་འབྱོར་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༦ ཇར་མན་རྒྱལ་ས་བྷར་ལེན་ནང་བོད་དོན་ཞུ་སྐུལ་ཉིན་མཐའ་མའི་སྐབས། ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཀལ་ བྷ་རན་ཌ་ (MP Michael Brand, Chair of the German Tibetan Parliamentary Group for Tibet) མཆོག་གི་གོ་སྒྲིག་འོག ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ (Paul Loebe House) ཡི་ནང་ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཀལ་ བྷ་རན་ཌ་མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་པི་ཊཏ་ ཧཡེ་ཌི་ (MP Peter Heidt, FDP Party Spokesperson on Human Rights and Humanitarian Aid) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་རཡེ་ ཀེ་ལན་ སེ་ཁེ་མེནྐ་ (MP Maria Klein-Schmeink, Green Party Spokesperson on Health Policy) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཕ་རནྐ་ མུ་ལར་ (MP Frank Müller, member of FDP working group on Foreign Policy) མཆོག་བཅས་དང་ལྷན་འཛོམས་གནང་ཡོད་པ་རེད།
སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་བཙན་ཤེད་ཐོག་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་བཞིན་ཡོད་པ་དང་། སྒེར་གཉེར་བོད་ཡིག་སློབ་གྲྭ་དང་དགོན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ། ཆུ་མཛོད་གློག་ཁང་ཆེན་པོ་གསར་འཛུགས་ཆེད་ཉེ་འཁོར་བོད་ཀྱི་དགོན་པ་གཏོར་བཤིག་དང་། གནས་སྡོད་བོད་མི་རྣམས་བཙན་གྱིས་གནས་སྤོས་བྱེད་བཅུག་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཐོག་ལ་རྒྱ་ནག་གཞུང་གིས་ཇུས་ངན་བཏོན་དང་འདོན་བཞིན་པ་དེར་ཇར་མན་གཞུང་དང་། གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ཁོ་ན་མ་གཏོགས་གཞན་སུ་གང་ལའང་ཐག་གཅོད་བྱ་རྒྱུའི་དབང་ཆ་མེད་པའི་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་ཞུས་པར། གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེར་མོས་མཐུན་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་། དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་ཇར་མན་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་རམ་ས་ལར་དངོས་སུ་ཕེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་རྒྱུ་གལ་ཆེན་པོ་ཡིན་པ་ཞུས་པར། གྲོས་ཚོགས་འཐུས་མི་གཅིག་གིས་ལོ་རྗེས་མའི་ནང་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་ཡོད་པའང་གསུངས་གནང་འདུག
དེ་རྗེས་ཇར་མན་གྲོས་ཚོགས་ཀྱི་ལས་བྱེད་པས་སྤྱི་འཐུས་རྣམ་པ་གཉིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་རྗེས། ཐེངས་འདིའི་ཇར་མན་རྒྱལ་ཁབ་ནང་གི་གཞུང་འབྲེལ་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་སྟེ། སྤྱི་འཐུས་རྣམ་པ་གཉིས་མེ་འཁོར་བརྒྱུད་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་སླད་ཕེབས་གནང་འདུག
ད་ཐེངས་ཀྱི་ཚོགས་འདུའི་ཐོག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཇར་མན་ཡན་ལག་ཁང་གི་འགན་འཛིན་ ཀཡེ་ མུ་ལར་ (Kai Müller) ལགས་དང་། སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་བྱེད་མཁན་གྱི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས། དེ་བཞིན་བྷར་ལེན་བོད་རིགས་ཚོགས་པའི་ཚོགས་གཙོ་དོན་གྲུབ་སྒྲོལ་དཀར་ལགས། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཌེ་ཝི་ཌི་ མི་སལ་ (David Missal) ལགས་བཅས་མཉམ་ཞུགས་གནང་འདུག་པ་བཅས། །