དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །
མི་འཇིགས་སེང་གེ་ཁྲི་ལ་དབང་བསྐུར་བ། །
རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། །
མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ཤིས་ཚིག་སྙན་མོའི་དབྱངས་ཀྱི་སྡུན་བསུས་ཏེ། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་གདོང་ལྔས་གཏེག་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་གསེར་གྱི་འཁོར་ལོ་རེ་ཁ་མངོན་པར་བཀོད་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཁག་ལེགས་པར་བསྐྱངས་ཏེ།
དེ་ཉིིན་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་ཁམས་ཚན་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་ནས་ཁྲི་སྟོན་མཛད་སྒོ་ཞིག་ཚོགས་སྐབས་བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམ་པ་གཉིས་མཉམ་ཞུགས་དང་། ཕྱི་དྲོ་ཆུ་ཚོད་ ༠༤།༣༠ ཐོག་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། སངས་རྒྱས་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་གསོལ་འདེབས་ཡང་ཞུས་འདུག
གཞན་ཡང་ཁྲི་སྟོན་མཛད་སྒོའི་ཐོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་བཅས་ཀྱང་མཉམ་ཞུགས་གནང་འདུག་པ་བཅས། །