༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇིཊི་ཀ་ སེ་ཌི་ལོ་ཝ་ (Ms. Jitka Seitlova, Vice President of the Senate) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ རཱ་པཱ་སེ་ (Senator Přemysl Rabas) ལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇཏ་མི་ལ་ ལེབ་ཀོ་ (MP Ms Jarmila Levko) ལགས། གྲོས་ཚོགས་འོག་མའི་འཐུས་མི་ཧ་ཡ་ཊོ་ ཨོ་ཀ་མུ་ར་ (MP Hayato Okamura) ལགས། གྲོས་ཚོགས་འོག་མའི་འཐུས་མི་ཨི་ཝ་ ཌི་ཁོ་རེ་སི་ (MP Eva Decroix) ལགས་བཅས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་དང་། འབྲེལ་ཡོད་ལས་བྱེད་བཅས་དང་ལྷན་དུ་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེའི་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས། རྒྱ་ནག་དམར་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་གཏོང་རྒྱུའི་བྱུས་ངན་སྤེལ་བཞིན་པའི་སྐོར་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་ཞིབ་ཕྲ་ཞུས་པ་དང་།
དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་ཁེ་ལེབ་ ཧ་ཝེལ་(Václav Havel) མཆོག་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དྲན་སྐུལ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར། ཁོང་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐོག་ད་ལྟ་རྒྱབ་སྐྱོར་གང་ཐུབ་གནང་བཞིན་ཡོད་པ་དང་། འབྱུང་འགྱུར་ཡང་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་འདུག
ཚོགས་འདུ་གྲུབ་རྗེས་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱིས་སྣེ་ཁྲིད་ཐོག སྤྱི་འཐུས་རྣམ་གཉིས་ནས་གྲོས་ཚོགས་ཀྱི་འགྲེམས་སྟོན་ཁང་དང་། ཚོགས་ཁང་ཆེན་མོ་སོགས་ལ་གཟིགས་་སྐོར་ཕེབས་འདུག ཚོགས་འདུ་དེ་བཞིན་གཞུང་འབྲེལ་གྱི་ངོ་བོའི་ཐོག་ནས་ཅེག་གྲོས་ཚོགས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་གོ་སྒྲིག་གནང་བ་ཞིག་རེད་འདུག
དེ་ཉིན་ཕྱི་དྲོ་སྤྱི་འཐུས་རྣམ་གཉིས་ནས་ (Sinopsis) ཞེས་པའི་ཐེབས་རྩ་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་ཁག་ཅིག་དང་ལྷན་ཐུག་འཕྲད་གནང་ཞིང་། ཐེབས་རྩ་ཁང་དེ་ནི་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་གྱི་ལས་ཁུངས་ཤིག་ཡིན་སྟབས། བོད་དོན་ཐོག་ལའང་དོ་སྣང་ཆེན་པོ་གནང་གི་ཡོད་པས། སྤྱི་འཐུས་རྣམ་གཉིས་ཀྱིས་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་གནང་འདུག
དེ་རྗེས་ལོ་མང་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཀེཊི་རི་ནཱ་ (Katerina) ལགས་དང་བློན་ཆེན་ཟུར་པ་མར་ཊིན་བྷུར་སིག་ (Martin Bursik) མཆོག་སོགས་དང་ལྷན་མཇལ་འཕྲད་ཀྱིས་ཁོང་རྣམ་པས་ལོ་མང་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་གཞོན་པ་སྐུ་ཞབས་ཨོན་ཌི་རེཇ་ཁེ་རཱ་སེ་ཊི་ (Ondrej Chrast, Deputy Minister for Culture) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། རྒྱ་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་བྱུས་སྣ་ཚོགས་སྤེལ་བཞིན་པའི་སྐོར་ངོ་སྤྲོད་དང་། དེ་རྗེས་ཅེག་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཆོས་དད་རང་མོས་སྡེ་ཚན་གྱི་སྐུ་ཚབ་དང་། རྒྱལ་སྤྱིའི་ཆོས་དད་རང་མོས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རོ་བྷར་ཊི་ རེ་ཧག་ (Robert Rehak, Ambassador at Large, Special Envoy for Holocaust Issues, Interfaith Dialogue and Freedom of Religion) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་རྒྱ་གཞུང་གིས་དགོན་སྡེ་ཁག་ལ་དམ་བསྒྲགས་དང་། དགོན་སྡེ་ཁག་ནང་གྲྭ་གྲངས་ཚོད་འཛིན་གྱི་དཔེ་མཚོན་དང་འབྲེལ་ནས་ཆོས་དད་རང་དབང་མེད་པའི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་འདུག
དེ་རྗེས་ཅེག་ཕྱི་སྲིད་ལས་ཁུངས་ཀྱི་ཐབས་བྱུས་དང་ཉམས་ཞིབ་སྡེ་ཚན་གྱི་ཉམས་་ཞིབ་པ་ཨི་ཝ་ན་གྷོ་རོ་ལོ་ཝ་ (Ivana Grollova) ལགས་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་བསྡུར་དང་། ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ལ་ཡོད་པའི་ཐའེ་ཝན་གཞུང་ཚབ་ཁང་གིས་སྤྱི་འཐུས་རྣམ་གཉིས་ལ་ཐའེ་ཝན་ནས་ཕེབས་པའི་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་གཟིགས་འབུལ་ཐོག་གདན་འདྲེན་ཞུས་པ་ལྟར་ཆེད་བཅར་གྱིས་ཐའེ་ཝན་གཞུང་ཚབ་ཆེན་མོ་ (Mr. Liang Ruey Ke, Taiwan Representative) མཆོག་དང་ལྷན་མཇལ་འཕྲད་བཅས་གནང་རྗེས། ཐེངས་འདིའི་ཡུ་རོབ་ཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས།།